《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཕེབས་ཡོད་པ་བཅས་རེད།

ཆེ་དགྲ་ལྷས་རང་ལྗོངས་ཀྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་རྒྱུ་དེ་དམངས་སེམས་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་2017ལོ་ནས་བཟུང་ཐུམ་འབུའི་ནད་རྩ་མེད་གཏོང་བའི“མི་དམངས་ཀྱི་དམག་འཁྲུག”རྒྱག་འགོ་བཙུགས་པ་དང་ལོ་གསུམ་རིང་འབད་བརྩོན་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལ་དུས་མཚམས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་རྒྱལ་ཁ་ཐོབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཁྲོད་ཐུམ་འབུའི་ནད་གཏན་ནས་མི་ཐོན་པ་བྱ་རྒྱུའི་སྒམ་བརླིང་ལྡན་པའི་ཁས་ལེན་བསྒྲུབས་ཐུབ་ཡོད་ཅེས་བསྟན་གནང་བ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཆེ་དགྲ་ལྷས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་ཏན་ཏིག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་བཞག་ནས་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། ནད་པ་སྐྱོབ་བཅོས། མཉམ་ལས་ལྟ་ཞིབ་ཚད་འཇལ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཐོག་ཕྱོགས་བསྡུས་འགོག་བཅོས་ལས་དོན་རྒྱུན་རྣམ་ཅན་དུ་འགྱུར་བའི་འགན་ལེན་བྱེད་དགོས་པ་དང་། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཁྲོད་ཀྱི་རྩ་ཆེའི་ཉམས་མྱོང་དང་འདྲ་བཟོའི་དཔེ་དབྱིབས་ཕྱོགས་སྡོམ་དང་ཁྱབ་གདལ་ནན་ཏན་བཏང་སྟེ་ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་གང་ཐུབ་བརྒྱབ་ནས་རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་སྔར་བས་རིང་དུ་གཏོང་དགོས།

ཆེ་དགྲ་ལྷས་བླང་བྱ་བཏོན་གནང་དོན། སྨན་བཅོས་ཀྱི་ཞན་ཆར་དམིགས་ཏེ“དྲ་སྦྲེལ་+བདེ་ཐང”འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རྒྱང་ཁྲིད་སྨན་བཅོས་ལས་སྒོའི་ལས་སྟེགས་གང་མགྱོགས་འཛུགས་པ་དང་འདི་ལོའི་རྫོང་རིམ་པ་ཡན་གྱི་སྨན་ཁང་གི“དྲ་སྦྲེལ་+སྨན་བཅོས་བདེ་ཐང”ཁྱབ་ཐུབ་པའི་འགན་ལེན་བྱས་ནས་མཐའ་མཚམས་རྒྱང་རིང་ས་ཁུལ་གྱི་མང་ཚོགས་ལ་ཁྱིམ་གྱི་སྒོ་ཁར་སྤུས་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐུབ་པ་བྱེད་དགོས་པ་དང་། འཕྲོད་བསྟེན་ཁོར་ཡུག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་སྤྱི་འདོམས་བཅོས་སྐྱོང་བྱས་ཏེ་བདེ་ཐང་ཁོར་ཡུག་ཕྱོགས་ཡོངས་ནས་སྐྲུན་པ་དང་མི་དམངས་ཀྱི་བདེ་ཐང་ཕྱོགས་ཡོངས་ནས་འགན་ལེན་བྱས་ཐོག་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་སྤྲད་དེ་སྨན་པ་ཧོང་དབྱི་ཧྭ་ལ“བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཕུལ་བྱུང་ལས་དོན་པའི”གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས་པ་རེད། ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཕན་འབྲས་ཚོད་སྐོར་བྱས་འབྲས་བརྡ་ཁྱབ་བཏང་བ་དང་ཐུམ་འབུའི་ནད་སྐྱོབ་བཅོས་འཐུས་མི་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་སྔོན་ཐོན་མི་སྒེར་དང་ལྗོངས་ནང་ཁུལ་གྱི་སྨན་དོན་འཐུས་མིས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)