《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月20日

“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མཐའ་གཅིག་ཏུ་གསབ་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

ཞིང་ལས་ལ་མཐོང་ཆེན་དང་རྩ་བ་བརྟན་སྲུང་བྱ་རྒྱུ་ནི་དམངས་རྣམས་བདེ་ལ་འགོད་པའི་རྩ་བ་དང་རྒྱལ་སྐྱོང་གི་གནད་འགག་ཅིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་གྱི་ཚོགས་འདུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་དུས་མཚམས་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ། འདི་ལོའི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ལས་དོན་བཀོད་སྒྲིག་བཅས་བྱས་པས། བསམ་བློ་སྔར་བས་གཅིག་གྱུར་དང་ཆོད་སེམས་དེ་བས་བརྟན་དུ་གཏོང་བ་དང་། རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཇུག་ཡག་པོ་བསྡུ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) 2019ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ལྡོག་མེད་ཀྱི་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་གྲུབ་བྱས་པས། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་དང་མགྱོགས་མྱུར་འཕར་བ། ཞིང་འབྲོག་ལས་ཀྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་ནུས་པ་བརྟན་ཐོག་ཡར་འཕེལ་བྱུང་བ། དམངས་འཚོ་འགན་སྲུང་དང་། ཞིང་འབྲོག་ཁུལ་སྒྱུར་བཅོས། གྲོང་གསེབ་བཅོས་སྐྱོང་། མཛེས་སྡུག་ལྡན་པའི་གྲོང་གསེབ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས“ཞིང་གསུམ”ཁྱབ་ཁོངས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་མུ་མཐུད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་ཡོད།

ལས་སླ་པོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་ལས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ང་ཚོའི་གདེང་ཚོད་སྔར་བས་བརྟན་དུ་ཕྱིན་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ང་ཚོའི་ཟུངས་ཤུགས་སྔར་བས་འཕེལ་ཏེ་ང་ཚོས་འདི་ལོའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་གྱི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མཐའ་གཅིག་ཏུ་གསབ་པར་འདེགས་སྐྱོར་བྱས་པ་དང་རྨང་གཞི་བཏིང་ཡོད།

མིག་སྔར་རང་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བྱེད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུ་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་བཅས་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་པས། འདི་ལོའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་འགན་ལེན་བྱེད་པ་དང་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་ཡག་པོ་བསྡུ་རྒྱུ་འགན་ལེན་བྱེད་པ་དང་འབྲེལ་བ་ཡོད་པ། གྲོང་གསེབ་བཅོས་སྒྲིག་གི་རྨང་གཞི་བརྟན་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་འབྲེལ་བ་ཡོད་པས། ལས་འགན་དཀའ་ཚེགས་ཆེ་ཞིང་། འགན་འཁྲི་ལྕི་བ་དང་སྤྱི་ཡོངས་དང་འབྲེལ་བ་ཡོད་སྟབས། ང་ཚོས་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁ་གསལ་བཟོས་པའི་དམིགས་ཚད་དང་ལས་འགན་དང་ཡང་ཡང་བསྡུར་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྤྱིའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་གྱི“ཞིང་གསུམ”གྱི་ཞན་ཆ་གསབ་པའི་གཙོ་གནད་ལས་འགན་གཉིས་ལ་དམིགས་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱིའི་དམ་འཛིན་བྱ་གཞིར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ལ་དམ་འཛིན་དང་ཞན་ཆ་གསབ་པ་དང་། ཕུགས་ལ་དམིགས་ནས་རྨང་གཞི་བརྟན་པོ་བཏིང་ནས“ཞིང་གསུམ”གྱི་གྲུ་གནོན་རྡོའི་ནུས་པ་ཡག་པོ་བཏོན་ཏེ་དུས་རབས་གསར་པའི་བོད་ཀྱི“ཞིང་གསུམ”ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ཀྱི་ལས་འགན་ཞིག་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་གྱི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་མཐའ་གཅིག་ཏུ་གསབ་རྒྱུ་ནི་འདི་ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་ནང་གི་འགངས་ཆེན་རེད། རང་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཆེས་རྨང་གཞིའི་ཐོན་ལས་དང་། ཆེས་ཡངས་པའི་ས་ཁོངས། ཆེས་མང་ཤོས་ཀྱི་ཚོགས་སྤྱི་བཅས་ཡིན་པའི་ངོས་ནས་ཞིང་འབྲོག་ལས་ཀྱིས་རྐང་པ་འཐེན་མི་རུང་བ་དང་། ཞིང་འབྲོག་ཁུལ་རྗེས་སུ་ལུས་མི་རུང་བ། ཞིང་འབྲོག་པ་དེ་བས་ཀྱང་ཆད་མི་རུང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་འབྲོག་ཁུལ་དང་། ཞིང་འབྲོག་ལས། ཞིང་འབྲོག་པ་བཅས་ལ་དེ་བས་མང་བ་དམིགས་ཏེ་ལས་དོན་གྱི་གཙོ་གནད“ཞིང་གསུམ”ཁྱབ་ཁོངས་སུ་ཕྱོགས་པ་དང་། ཐོན་ལས་དབུལ་སྒྲོལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྔ་ཙམ་འཆར་འགོད་བྱེད་པ། འགན་ལེན་ལ་ཤུགས་སྣོན་དང་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། འབྲུ་རིགས་ཀྱི་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་སྤྲོད་ནུས་ལྡན་བྱ་རྒྱུ་དེ་ཉིད“ཞིང་གསུམ”ལས་དོན་གྱི་དོན་ཆེན་དང་པོར་བརྩིས་ནས་ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ནས་ཀྱི་ཐོན་འབབ་མང་དུ་དང་། ཕན་འབྲས་ཆེ་རུ། ཡོང་འབབ་མང་དུ་བཅས་འགྲོ་བར་སྐུལ་འདེད་གཏོང་བ། ཤ་དང་། འོ་མ། སྔོ་ཚལ་བཅས་ཀྱི་ཐོན་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་དང་འདེགས་སྐྱོར་ནུས་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་གི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ། བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མངོན་གསལ་དོད་པའི་ཞན་ཆ་ཧུར་ཐག་གསབ་པ་བཅས་བྱེད་དགོས། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་ལྟེ་བའི་དམིགས་ཚད་ལ་བརྩིས་ཏེ་ཞིང་འབྲོག་པའི་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་དང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་བཅས་མཐོ་རུ་གཏོང་བ་དང་དེ་བཞིན་ཞིང་འབྲོག་པའི་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་འགན་ལེན་བྱེད་པའི་ཐད་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་ཁྱད་ལྡན་གྱི་དམངས་ཕྱུག་གྲོང་གསེབ་ཐོན་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འབབ་འཕར་ཡོང་བ་བྱས་ཏེ་འདི་ལོ་ཞིང་འབྲོག་པར་འབབ་འཕར་13%ཡོང་བ་དང་། ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཞིང་ལས་དང་གྲོང་གསེབ་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད་པས། ངེས་པར་དུ་ཏང་གིས་གྲོང་གསེབ་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གིས་གྲོང་གསེབ་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགན་ལེན་བྱས་ནས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་དམིགས་ཚད་ལས་འགན་དང་སྲིད་ཇུས་བྱ་ཐབས་ཁ་གསལ་བཟོས་ཟིན་པས། འགག་རྩ་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཐུག་ཡོད།

བཀོད་སྒྲིག་གི་འགག་རྩ་ནི་དོན་འཁྱོལ་ལ་རག་ལུས་ཡོད། འབད་བརྩོན་ལྷོད་མེད་བྱས་ནས་ལོ་རྒྱུས་གཏོད་པ་དང་ལས་དོན་དངོས་གྲུབ་སྟེ་འབྱུང་འགྱུར་ལ་ཕན་འབྲས་ཐོན་པ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཆོད་སེམས་བརྟན་དུ་གཏོང་བ་དང་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། སེམས་མཐུན་སྟོབས་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ནས་ཞིང་འབྲོག་ལས་ཀྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་དམ་འཛིན་བྱས་ཏེ་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཡོང་བའི་འགན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གསབ་རྒྱུ་འགན་ལེན་བྱེད་པ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་པ་དང་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་མང་པོ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་ཡག་པོ་བསྡུ་བར་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།

(བསྟན་བློ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)