《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月19日

ཨ་ཕའི་སེམས་ཀྱི་འཁེན་ས། ཨ་མའི་སྙིང་གི་ནོར་བུ།

ཨ་མའི་སྙིང་གི་ནོར་བུ། །

ཨ་ཕའི་སེམས་ཀྱི་རྟེན་ས། །

དྲོ་སྐྱིད་ལྡན་པའི་རུམ་ཁར། །

ཞིམ་མངར་ནུ་ཞོ་བླུད་ཡོད། །

བྱམས་དང་བརྩེ་བའི་མིག་གིས། །

ཆུང་ནས་ཆེ་རུ་གསོས་ཡོད། །

ཨ་མའི་སྙིང་གི་ནོར་བུ། །

ཨ་ཕའི་སེམས་ཀྱི་རྟེན་ས། །

བཟང་དྲུག་བསླབ་བྱའི་སྨན་གྱིས། །

ཡིད་ཀྱི་གཅོང་ནད་སེལ་ཡོད། །

དྭངས་གཙང་སེམས་ཀྱི་ནམ་མཁར། །

ནག་ནོག་དྲི་མ་མེད་ཤོག །

ཨ་མའི་སྙིང་གི་ནོར་བུ། །

ཨ་ཕའི་སེམས་ཀྱི་རྟེན་ས། །

ལྔ་རིག་དགའ་ཚལ་གླིང་དུ། །

ཤེས་རིག་སློབ་པར་བཏང་བས། །

བརྩོན་འགྲུས་གཤོག་ཟུང་རྡེབ་བཞིན། །

བཅུད་ལྡན་སྦྲང་རྩི་ལེན་ཤོག །

ཨ་མའི་སྙིང་གི་ནོར་བུ། །

ཨ་ཕའི་སེམས་ཀྱི་རྟེན་ས། །

གཞོན་ལ་བརྩེ་བས་སྐྱོང་བཞིན། །

རྒན་ལ་བཀུར་བསྟི་མ་ཆུང་། །

མཉམ་དང་མཐུན་པར་འགྲོགས་པའི། །

སྤུན་བཞིའི་རྣམ་ཐར་སྐྱོངས་ཤོག །

ཨ་མའི་སྙིང་གི་ནོར་བུ། །

ཨ་ཕའི་སེམས་ཀྱི་རྟེན་ས། །

དལ་འབྱོར་མི་ལུས་རིན་ཆེན། །

རྙེད་པར་ཤིན་ཏུ་དཀའ་བས། །

གཞན་ཕན་ལྷག་བསམ་བཟང་པོས། །

གཞན་ལ་བདེ་བ་སྐྲུན་ཤོག །

ཨ་མའི་སྙིང་གི་ནོར་བུ། །

ཨ་ཕའི་སེམས་ཀྱི་རྟེན་ས། །

ཕ་སྐད་ཆུ་རྒྱུན་མ་ཆད། །

མ་ཡིག་རྫིང་བུ་མ་བསྐམས། །

གཅེས་པའི་རིན་ཆེན་སྲོག་ལྟར། །

སྙིང་གི་བུ་གར་འཛིན་ཤོག །