《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月19日

མོ་ཊ་རྙིང་པར་འགྲུལ་ཁང་གཉེར། དབུལ་སྒྲོལ་ ཕྱུག་འགྱུར་ལམ་དུ་སྐྱོད།

—— གླ་སྐེ་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཨུད་གཞུང་དོན་ཁང་གི་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་བྱས་པའི་སྐོར་གྱི་ཟུར་བཀོད།

ན་ནིང་ཟླ་9པར། དཔའ་ཤོད་རྫོང་གླ་སྐེ་ཤང་གླ་སྐེ་གྲོང་ཚོར་དབུལ་སྒྲོལ་ཞྭ་འཕུད་དཔྱད་དཔོག་ཚོགས་ཆུང་གི་ཞིབ་དཔྱད་བདེ་བླག་བྱུང་བ་མ་ཟད། དཔྱད་དཔོག་ཚོགས་ཆུང་གི་ཚད་མཐོའི་ཁས་ལེན་ཡང་ཐོབ་པ་རེད།

ཡིན་ནའང་། 2018ལོའི་ལོ་མཇུག་ཏུ། གླ་སྐེ་གྲོང་ཚོའི་དུད་ཚང་95ཡི་མི་གྲངས་404ཡི་ཁྲོད་དུ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་དུད་ཚང་15ཡི་མི་52ཡོད་པ་དང་། དབུལ་པོར་གྱུར་ཚད་12.8%ཟིན་གྱི་ཡོད།

འགྱུར་ལྡོག་དེ་དག་ཚང་མ་ནི་བེད་མེད་དུ་གྱུར་པའི་འགྲུལ་སྐྱེལ་རླངས་འཁོར་འགའ་ཤས་ལས་བྱུང་བ་ཞིག་རེད། གླ་སྐེ་གྲོང་ཚོ་ནི་དཔའ་ཤོད་རྫོང་གྲོང་ནས་ཤར་ཕྱོགས་ཀྱི་སྤྱི་ལེ་12ཀྱི་སར་གནས་པ་དང་རྒྱལ་ལམ་318འགྲམ་དུ་ཆགས་ཤིང་། ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། ཡིན་ནའང“རྨང་གཞི་སྐྱོ་བ་དང་བསམ་བློ་རྙིང་ཞེན་ཆེ་བས་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་མང་པོ་མེད་པ”ནི་གླ་སྐེ་གྲོང་ཚོའི་གནས་ཚུལ་དངོས་རེད།

2018ལོའི་ལོ་མཇུག་ཏུ། ཆབ་མདོ་གྲོང་ཨུད་གཞུང་དོན་ཁང་གི་གྲོང་སྡོད་བྱ་ཡུལ་གླ་སྐེ་གྲོང་ཚོར་བསྒྱུར་བ་དང་དེ་གར་བཅའ་སྡོད་བྱས་པ་ནས་བཟུང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་4ལ་ཐུན་མོང་གི་ངོས་འཛིན་ཞིག་བྱུང་བ་སྟེ། གླ་སྐེ་གྲོང་ཚོའི་མང་ཚོགས་གཅིག་ཀྱང་མ་ལུས་པར་འབྱོར་འབྲིང་ལམ་དུ་སྐྱོད་དགོས་ཚེ་ངེས་པར་དུ་མིག་སྔར་ཕན་པ་མ་ཟད་ཕུགས་ལའང་ཕན་པའི་དབུལ་སྐྱོར་ཐོན་ལས་ཤིག་སྐྱེད་སྲིང་བྱས་ཏེ་དབུལ་རྩ་དྲུངས་ནས་འབྱིན་དགོས་པ་དེ་རེད།

ས་ཆ་དངོས་སུ་བརྟག་ཞིབ་ཐེངས་མང་བྱས་རྗེས། གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཝུན་ཐའོ་ཡིས་གླ་སྐེ་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་བ་དང་། ཁོར་ཡུག་མཛེས་པ། ཐོན་ཁུངས་འབེལ་བ་བཅས་ཡོད་ནའང་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་ཁྲོམ་རའི་སྒོ་མོ་འབྱེད་པའི་གཞི་རྟེན་ཞིག་མེད་པ་ཤེས། གནད་འགག་དེ་ཤེས་རྗེས་ལས་དོན་རུ་ཁག་གིས་ཕྱོགས་མང་པོའི་བསམ་འཆར་བསྡུས་པ་དང་རིགས་པས་ཁུངས་སྐྱེལ་ངང་དབྱེ་ཞིབ་མང་པོ་བྱས་མཐར།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་ཚོས་བེད་མེད་དུ་གཏོང་བའི་འགྲུལ་སྐྱེལ་རླངས་འཁོར་རུ་མོ་ཊའི་འགྲུལ་ཁང་གཉེར་རྒྱུར་གྲོས་འཆམ།

མཐུན་སྦྱོར་དང་འབད་བརྩོན་མང་པོ་བྱས་པ་བརྒྱུད། གྲོང་སྡོད་ལས་དོན་རུ་ཁག་དེས་བོད་ལྗོངས་ནུབ་རྒྱུད་ཡུལ་སྐོར་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིའི་མ་དངུལ་སྒོར་ཁྲི་338ལེགས་གྲུབ་ལྡན་པའི་ངང་དྲངས་ཏེ་བེད་མེད་དུ་གཏོང་བའི་འགྲུལ་སྐྱེལ་རླངས་འཁོར་7མོ་ཊའི་འགྲུལ་ཁང་ལ་བསྒྱུར་བ་དང་། ཀུང་སི་དང་ཀྲི་པུའུ(གྲོང་སྡོད་ལས་དོན་རུ་ཁག) མང་ཚོགས་དབུལ་པོ་བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་དེ་འགྲུལ་ཁང་དེ་ཉིད་བོད་དུ་སྐྱོད་པའི་ལམ་བར་དུ་སྤྲོ་གསེང་དང་། ལྟ་སྐོར། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞབས་ཞུའི་ཁུལ་ཞིག་ཏུ་བཏོད་པ་རེད།

ཟླ་4ཚེས་9ཉིན། མོ་ཊའི་འགྲུལ་ཁང་གི་དུས་ཐེངས་དང་པོའི་ལས་གྲྭ་འགོ་ཚུགས།

ན་ནིང་ཟླ་7ཚེས་21ཉིན། མོ་ཊའི་འགྲུལ་ཁང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། ཉལ་ཁྲི་ཆུང་བར་དགོང་མོ་རེར་སྒོར་80དང་ཉལ་ཁྲི་ཆེ་བར་དགོང་མོ་རེར་སྒོར་88ཀྱི་རིན་གོང་འཚམ་ལ་དཔེ་གསར་གྱི་རྣམ་པར་འགྲུལ་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

གྲོང་མི་པ་སངས་ཆོས་སྒྲོན་གྱིས་མོ་ཊའི་འགྲུལ་ཁང་གི་མལ་ཆས་གྲལ་འགྲིག་པོ་བཟོས་རྗེས་མོ་ཊའི་ཐབ་ཚང་དུ་འཛུལ། ཁོང་གིས་གསར་འགོད་པར“དེ་སྔ་ཁྱིམ་དུ་བསྡད་ནས་ཞིང་ལས་བྱེད་པར་དཀའ་ལས་ཧ་ཅང་ཁག་པོ་ཡོད་ལ་ལོ་གཅིག་ལ་ཐོན་འབབ་དེ་ཙམ་མང་པོ་མེད། ད་ཆ་ཟླ་རེར་གཏན་འཇགས་གླ་ཆ་སྒོར་2500ལེན་རྒྱུ་ཡོད་ལ་ལས་ཀའང་ལས་སླ་པོ་འདུག”ཅེས་བཤད་བྱུང་།

“མང་ཚོགས་5ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་ཕུད། མོ་ཊའི་འགྲུལ་ཁང་གིས་ལོ་ལྟར་ས་ཆ་བོགས་མར་བཏང་སྟེ་གླ་སྐེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་5བྱུང་བ་དང་། ཡུལ་འདི་གའི་མང་ཚོགས་དུད་ཚང་20ལྷག་ཙམ་གྱི་ཞིང་འབྲོག་ཐོན་ཟོག་བྲིན་ཚོང་ལ་སྐུལ་ཁྲིད་བྱས་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ལྷག་ཙམ་ཡོང་གི་ཡོད”ཅེས་གླ་སྐེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་སྲོང་རིན་ཆེན་གྱིས་བཤད།

ཕན་འབྲས་ཐོན་པ་ཤེས་རྟོགས་བྱུང་རྗེས་གྲོང་སྡོད་ལས་དོན་རུ་ཁག་གིས་སླར་ཡང་བོད་ལྗོངས་ནུབ་རྒྱུད་ཡུལ་སྐོར་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སི་དང་མཉམ་དུ་དུས་ཐེངས་གཉིས་པའི་འཆར་འགོད་བཏིང་ཞིང་། མ་དངུལ་སྒོར་ཁྲི་506ཙམ་བཏང་སྟེ་སྨི་ངོས་གྲུ་300ཟིན་ལ་མི་བརྒྱ་ཤོང་བའི་ཁྱད་ལྡན་བོད་ཟས་ཟ་ཁང་དང་། སྐར་ཚོམ་རྨི་ལམ་ལོ་ཟླའི་ཁྱིམ་ཚང་འགྲུལ་ཁང་། མཛེས་ལྗོངས་ཤིང་ཁང་སོགས་བསྐྲུན་རྩིས་ཡོད་པ་རེད། བོད་ལྗོངས་ནུབ་རྒྱུད་ཡུལ་སྐོར་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སའི་འབྲེལ་ཡོད་འགན་འཁུར་བ་ཝང་པོ་ཡིས་དུས་ཐེངས་གཉིས་པའི་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ཡུལ་དེ་གའི་མང་ཚོགས་20ལྷག་ཙམ་ལས་ཞུགས་ཐུབ་རྒྱུ་དང་། སྔོན་དཔག་བྱས་ན་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར་ཁྲི་1ལྷག་ཙམ་ཡོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

ལོ་ཕྱེད་རིང་། མོ་ཊའི་འགྲུལ་ཁང་དེ་ཉིད་གླ་སྐེ་གྲོང་ཚོའི་མང་ཚོགས་དབུལ་པོའི་གནས་ལས་སྒྲོལ་བའི་སྦྲེལ་ཟམ་ལྟ་བུར་གྱུར་ཡོད།

(ཚེ་སྒྲོལ་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)