《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས།

《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》བཏོན་པར་གྲོས་བསྡུར་འཁྲུག་པོ་བྱས་པ།

མི་རིགས་མང་པོ་འདུས་སྡོད་ཁུལ་ཡིན་པའི་ངོས་ནས་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)མོས་ཤོག་ཆ་ཚང་ཐོག་ནས་གྲོས་འཆམ་བྱུང་སྟེ་2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞིང་། དེ་ལས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད། 《སྲོལ་ཡིག》བཏོན་པ་དེས་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས《སྲོལ་ཡིག》བཏོན་པའི་དོན་སྙིང་དང་། ཐོན་སྲིད་པའི་ཤུགས་རྐྱེན། ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་དགོས་མིན་བཅས་ཀྱི་ཐད་གང་བསམ་ལྷུག་གླེང་བྱས་པ་རེད།

“《སྲོལ་ཡིག》ནི་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་གལ་ཆེན་ཞིག་རེད་ལ། ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་པར་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་ལག་ལེན་གལ་ཆེན་གཞན་ཞིག་ཀྱང་ཡིན་པས། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། བོད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་དཔྱོད་ཁང་གི་དགེ་རྒན་ཅིན་ཧའེ་པོས་ངོས་འཛིན་དེ་ལྟར་བྱེད་ཀྱི་ཡོད་པ་རེད།

“《སྲོལ་ཡིག》བཏོན་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་ཡོང་བར་སྔར་བས་ཕན་པ་ཡོད་ལ་བོད་ཞི་མཐུན་འཕེལ་རྒྱས་དང་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་དེ་བས་ལྷག་པ་ཐེབས་རྒྱུ་རེད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་གཞོན་པ་དབྱིང་ཧའེ་ཡན་གྱིས་དེ་ལྟར་བརྗོད་པ་དང་། ཁོང་གིས་དུས་རབས་གསར་པར《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་འཛིན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གཉིས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རྩ་བའི་བྱ་ཐབས་སུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་གཞི་རྟེན་གསར་གཏོད་བྱེད་དགོས། གསུམ་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད་པའི”སྤྱིའི་དམིགས་ཚད་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་ཤུགས་ཆེན་སྤེལ་བ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློར་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མི་དམངས་ཀྱི“མོས་སེམས་ལྔ”ཆེ་རུ་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བཅས་བྱས་ཏེ་མི་རིགས་ཁག་གིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

འོ་ན་ད་རེས་བཏོན་པའི《སྲོལ་ཡིག》ལ་ཁྱད་ཆོས་གསར་པ་གང་དག་ཡོད་དམ་ཞེ་ན།

“《སྲོལ་ཡིག》བཟོས་ནས་བཏོན་པ་དེས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བ་མཚོན་གྱི་ཡོད་ལ། བོད་ཀྱི་དམིགས་བསལ་ལྗོངས་བབ་ལའང་གཞི་ཚུགས་པ་ཞིག་ཡིན་པས། མངོན་གསལ་དོད་པའི་ཁྱད་ཆོས་མང་པོ་ལྡན་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་སུང་པོ་ཧན་གྱིས་དེ་ལྟར་བརྗོད་པ་དང་ཁོང་གིས《སྲོལ་ཡིག》དེ་གཅིག་ནས་ཚུགས་གནས་མཐོ་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོ་མངོན་འགྱུར་ཡོང་བར་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། གཉིས་ནས་ངེས་གནས་གནད་ལ་འཁེལ་ཅིང་། བོད་ཀྱི་སྤྱི་ཚོགས་ཀྱི་རྩ་བའི་འགལ་ཟླ་དང་དམིགས་བསལ་འགལ་ཟླར་གཞི་ཚུགས་ཏེ་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཟོས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད། གསུམ་ནས་གོ་རིམ་གསལ་ཞིང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་པ་དང་འགན་ནུས་སྡེ་ཚན་ཁག་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཐུན་སྦྱོར་བྱས་པ་མ་ཟད། འགྲོ་གྲོན་བེད་སྤྱོད་དང་། བྱ་དགའ་ཆད་གཅོད་ལམ་སྲོལ། དཔྱད་ཞིབ་བྱ་ཐབས་བཅས་ལ་གཏན་འབེབས་ཁ་གསལ་བྱས་ཡོད། བཞི་ནས་དམིགས་ཚད་ཀྱི་ཁ་གསལ་ཞིང་། 《སྲོལ་ཡིག》ནང་གཏན་ལ་འཁེལ་བའི་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་འགན་འཁྲི་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་འདོན་དགོས་པའི་ནུས་པ་ཚང་མར་གསལ་བཤད་ཞིབ་ཅིང་ཕྲ་བ་བྱས་ཡོད། ལྔ་ནས་ཐབས་ལམ་གནད་ལ་འཁེལ་ཞིང་། མི་རིགས་མཐུན་སྒྲིལ་གྱི་འཚོ་བའི་ཁྱད་ཆོས་དང་དམངས་ཡོངས་ཀྱི་ཁྱད་ཆོས་ཟབ་ཏུ་བཏང་བ་དང་། སྤྱི་ཚོགས་ཁྱབ་ཁོངས་ཁག་དང་ཚོགས་པ་ཁག་ལ་གཏན་འབེབས་ཁ་གསལ་བྱས་པ། བརྒྱུད་བསྒྲགས་བྱེད་སྟངས་དང་། བརྒྱུད་བསྒྲགས་ཐབས་ལམ། བརྒྱུད་བསྒྲགས་གཞི་རྟེན་བཅས་ལ་ཚད་ལྡན་གསལ་བཤད་བྱས་ཡོད་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད།

(བསྟན་བློས་བསྒྱུར། བསོད་བདེ་གཞོན་པས་ཞུས)