《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུའུ་ཞི་དབང་དབྱང་གི་འབྲེལ་ཡོད་གསུང་བཤད་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་གཙོ་བོ། རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན། རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལ“ཕྱིར་མིག་ལྟ་བ”དང་། ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ། ནོར་སྲིད་མ་དངུལ་གྱི་ལས་རྗེས་དཔྱད་ཞིབ་དང་དེ་བཞིན་ཕྱོགས་གསུམ་པའི་དཔྱད་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྣོལ་མཚམས་ཐོག་ལངས་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། རང་རེའི་ཏང་གིས་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་གྲུབ་འབྲས་ཐོབ་པའི་འགྲོ་ལམ་དང་ནུས་ཆེ་གོ་ཆོད་ཀྱི་ལམ་ལུགས་རྒྱས་བཤད་གཏིང་ཟབ་གནང་བ། ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བར་ངེས་པར་དུ“གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་། གང་ཞིག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པའི”སྐོར་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ་བཅས་གནང་བ་དང་འབྲེལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་ཀྱང་གནང་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྲིག་ཁྲིམས་ལ་བརྟེན་ནས་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྒྲིག་ཁྲིམས་ཀྱི་གཅུན་འདོམས་ནུས་པ་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་མཐའ་གཅིག་ཏུ་བཏང་ནས“ཐར་པར་མི་གཏོང་བའི”ལས་དོན་ཡག་པོ་སྒྲུབ་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས། བློ་བརྟན་འགྱུར་མེད་ངང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་མཐའ་གཅིག་ཏུ་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པའི་དཔུང་ཁག་གཏོད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་གལ་ཆེན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱབ་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱས་ནས་ང་ཚོས་མིག་སྔའི་ལས་དོན་ལེགས་པར་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་ཤུགས་དེ་བས་ཆེ་བ་རྒྱག་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་དོན་དུ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་ཁོངས་མིའི་ཚན་པར་བློ་བརྟན་འགྱུར་མེད་ངང་འདི་ལོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་རྩ་བ་འདིར་དམ་པོར་དམིགས་པ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞི་དང་འགོ་འཛུགས་ས་དང་དོན་ལ་བབ་སར་དམ་འཛིན་ནན་པོ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ནང་གནས་པའི་མངོན་གསལ་དོད་པའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། གཙོ་གནད་ལས་འགན་ལ་དམིགས་པ། རང་རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྒྱུར་བཅོས་ཟབ་གཏོང་ཐད་ཐབས་འདོན་ཇུས་འགོད་དང་དཔལ་འབྱོར་འཕེལ་རྒྱས་ཐད་བྱ་སྤྱོད་ཧུར་ཐག་སྤེལ་བ། བརྟན་ལྷིང་སྲུང་སྐྱོང་ཐད་མིག་དཔེ་འདོན་པ་དང་བསམ་བློ་གཅིག་གྱུར་ཐད་རང་འགུལ་ངང་བསམ་འཆར་འདོན་པ། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐད་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་གཏོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དམངས་གཉེར་དཔལ་འབྱོར་གྱི“སྐྱོན་བྲལ་གཉིས”ལ་སྐུལ་འདེད་གཏོང་བར་དམིགས་ནས་དམངས་གཉེར་ཁེ་ལས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ནུས་ལྡན་བྱེད་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རིང་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་། དངོས་སུ་སྒྲུབ་པ། ཁོང་དུ་ཆུད་པ་བཅས་ཀྱི་ཐད་གཞན་གྱི་སྔོན་ལ་སྤེལ་བ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་ཀྱི་གནད་དོན་ལ་དམིགས་པ་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་སྔར་བས་དུས་རབས་ཀྱི་རང་བཞིན་ལྡན་པ་དང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པ་བྱེད་དགོས། བོད་དང་འབྲེལ་བ་ཡོད་པའི་ཕྱི་དོན་དྲིལ་བསྒྲགས་ལས་དོན་བརྟན་པོའི་ངང་ཡག་པོ་བསྒྲུབས་ཏེ“ནང་དུ་གདན་འདྲེན་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། “ཕྱི་རུ་སྐྱོད་པའི”ལས་དོན་ཏན་ཏིག་བསྒྲུབས་ནས་དངོས་འབྲེལ་དྲང་འབྲེལ་དང་། འཕེལ་རྒྱས་བརྟན་ལྷིང་། ཡར་ངོའི་ཟླ་ལྟར་འཕེལ་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་སྔར་བས་མངོན་པར་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བརྟན་པོའི་ངང་སྐུལ་འདེད་བཏང་ནས་དྲིལ་བསྒྲགས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་དང་དཔྱད་ཞིབ་སྣ་ཚོགས་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། “མཚམས་མི་འཇོག་པ་བཞི”མཐའ་འཁྱོངས་བྱེད་པ། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་འཇོག་མཐའ་འཁྱོངས་བྱེད་པ། དགོས་པའི་དུས་སུ་སྨིན་པ་ལས་གཡང་རྩེའི་སྟེང་ལ་ཡས་སྒྲོན་ཉུང་ཙམ་རྒྱག་པ། དབུལ་སྒྲོལ་ཐོན་ལས་སྲ་བརྟན་དུ་གཏོང་བའི་ཐད་ཤུགས་དེ་བས་ཆེན་པོ་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་ལྡན་པའི་བསླབ་གཞི་ཡག་པོ་སྤྱོད་པ། བློ་སྐྱོར་ལས་དོན་ཏན་ཏིག་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་འགན་ལེན་བྱེད་པ་བཅས་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)