《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月16日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

ཀྲོང་ཡན་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་17པ་གཙོ་སྐྱོང་གནང་ནས་བོད་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་གྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་འཆར་གཞིར་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲང་ཡུང་ཙེ་དང་འཇམ་དཔལ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་སྐྲུན་སྐབས་བཀོད་སྒྲིག་སྡོད་ཁང་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་ཆས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་དུས་ཐེངས་དང་པོའི་འཆར་འགོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཞན་ཆ་ཤེས་རྟོགས་གང་ལེགས་བྱེད་པ་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བཀོད་སྒྲིག་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་གིས་སྣོད་བཅུད་སྡོད་མལ་གྱི་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་བཀོད་སྒྲིག་འཆར་འགོད་བྱེད་དགོས། མ་འཇོག་དང་ཐོན་སྐྱེད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་གིས་དཀའ་སྤྱད་འབད་བརྩོན་དང་གྲོན་ཆུང་བསྲི་ཚགས་བྱས་ཏེ་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་མཐོ་རུ་གཏོང་དགོས། སྒྲིག་གཞི་ལྟ་འདོམས་དང་ཁྲོམ་ར་ཅན་གྱི་དོ་དམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་གིས་ཁྲོམ་ར་ཅན་སྟོན་ཕྱོགས་སུ་བྱས་ནས་ཐོན་ལས་གླིང་གི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་བསྡུས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་སྲིན་བུ་རིའི་ལས་དོན་གྱི་ལས་འགན་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། (བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)