《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月15日

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”པའི་རྣམ་བཤད་གལ་ཆེན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་བར་བསམ་ཕྱོགས་གསར་པ་དང་། ལས་འགན་གསར་པ། དམིགས་ཚད་གསར་པ་བཅས་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནི་ཡུན་རིང་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་ཞིག་རེད་ལ། རང་ལྗོངས་རྒྱུན་སྲིང་འཕེལ་རྒྱས་ཀྱི་རྩ་བའི་ཐབས་ལམ་ཞིག་ཀྱང་རེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཛུབ་ཁྲིད་དུ་བྱས་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོའི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་པ་དམིགས་ཚད་དུ་བྱས་པས། དབུལ་པོའི་དབུལ་སྒྲོལ་ལ་སྐུལ་འདེད་ཐུབ་ནས་མི་འབོར་དབུལ་པོར་སྣོད་བཅུད་ཁོར་ཡུག་གི་ཕན་པ་ལོངས་སྤྱོད་ཐུབ་ཡོད། དེ་དང་ཆབས་ཅིག ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་མི་དང་རང་བྱུང་ཁམས་ཀྱི་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”པ་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སོག་མ་བསྲེག་རྒྱུ་བཀག་འགོག་དང་། རྡོ་སོལ་སྤྱོད་པའི་ཐབ་བཅོས་སྒྲིག མུ་ཟི་འདོན་ཆས་བཅོས་སྒྲིག་སོགས་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་མཁའ་རླུང་གི་སྤུས་ཚད་མུ་མཐུད་ལེགས་སུ་སོང་ཞིང་། མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཁོངས་གཏོགས་ཁུལ་གྱི་ཆུ་ཡུར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། འཐུང་ཆུའི་ཆུ་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་དགོས། ས་གཤིས་སྦགས་བཙོག་འགོག་བཅོས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ས་གཤིས་སྦགས་བཙོག་གསར་པར་ཚོད་འཛིན་ནན་པོ་བྱེད་པ། ས་གཤིས་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཨར་པོ་རྒྱག་ ཡུལ་དང་། འགྲོ་ལམ་གྱི་ཨར་པོ་རྒྱག་ཡུལ། བཤིག་སྤོ་བྱ་ཡུལ་བཅས་ཀྱི་ཐལ་རྡུལ་སྦགས་བཙོག་འགོག་བཅོས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་གཞི་ཁྱོན་ཅན་གྱི་སྒོ་ཕྱུགས་དང་བྱ་རིགས་གསོ་ཚགས་ཀྱི་སྦགས་བཙོག་འགོག་བཅོས་ཏན་ཏིག་བྱས་ནས་སྡོད་མལ་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་དགོས།

དབུལ་སྐྱོར་ལམ་སྲོལ་གསར་གཏོད་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་པོ་བསྲུངས་ཏེ“མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། ལྗང་མདོག་འཕེལ་རྒྱས”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཐོན་ལས་དམ་འཛིན་བྱ་གཞིར་བྱེད་པ། སྣོད་བཅུད་ཡུལ་སྐོར་དང་ལྗང་མདོག་ནུས་རྒྱུ་གོང་འཕེལ་གཏོང་བ་དེ་གོ་སྐབས་སུ་བྱེད་པ་བཅས་ཀྱིས། མིག་སྔའི་དབུལ་སྒྲོལ་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། དབུལ་སྐྱོར་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྣོད་བཅུད་ཁོར་ཡུག དམངས་འཚོའི་འདུ་འགོད་རྣམ་གྲངས་འཛུགས་སྐྱོང་བཅས་སྔོན་དུ་བཀོད་སྒྲིག་བྱེད་དགོས། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་རོགས་རེས་མ་དངུལ་གྱི་ཚོད་ལྟར་སྐུལ་འདེད་བཏང་ནས་མི་སྣ་དབུལ་པོའི་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་དང་གྲངས་ཉུང་ཡིད་རྟོན་དངུལ་བུན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས“སྣེ་འདྲེན་ཁེ་ལས+དུད་ཁྱིམ་དབུལ་པོ”དང་། “ཞིང་པའི་ཆེད་ལས་མཉམ་ལས་ཁང+དུད་ཁྱིམ་དབུལ་པོ”“ཁྱིམ་ཚང་ཞིང་ར+དུད་ཁྱིམ་དབུལ་པོ”སོགས་ཀྱི་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྐྱོར་གནད་སྨིན་འབྲེལ་མཐུད་ཡོང་བར་བྱེད་དགོས།

(གནམ་ཕྱུག་རྒྱལ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)