《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月15日

སྔོ་ལྗང་གི་སྲོག་རྩ་བརྟན་དུ་བཏང་བ།

—— ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་མཐོང་ཆེན་པོ་བྱས་ནས། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་ཐོག་ནས་སྔོ་ལྗང་སྣོད་བཅུད་ཤེས་དཔལ་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཉིང་ཁྲིའི་མི་སེར་ལ་གནམ་སྔོན་ཆུ་དྭངས་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་བཏོད་ཡོད།

ཁོར་ཡུག་སྲུང་སྐྱོང་བྱེད་པར་འབྱུང་རྩ་ནས་དམ་འཛིན་བྱེད་དགོས་པར་བརྟེན། ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ནས་སྣོད་བཅུད་ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཞིབ་མཆན་དང་བཙོག་དངོས་གཙོ་བོ་ཕྱིར་འབུད་སྡོམ་འབོར་སྔོན་སྒྲིག་ཞིབ་བཤེར་ལམ་ལུགས་ལག་ལེན་ནན་པོ་བསྟར་བ། ཁོར་ཡུག་སྲུང་སྐྱོང་ཐད“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་དོན་འཁྱོལ་དང་། “མཐོ་བ་གསུམ”གྱི་ཁེ་ལས་དང་རྣམ་གྲངས་ཉིང་ཁྲིར་གཏན་འགོག ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་མཐའ་འཁྱོངས་ནན་པོ་བཅས་བྱས་ནས་གྲོང་ཁྱེར་དང་། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན)བཅས་རིམ་པ་བཞིའི་ཁོར་ཡུག་ལྟ་འདོམས་མ་ལག་བཙུགས་པ། “ཁོར་ཡུག་སྲུང་སྐྱོང་དང་སྤྱི་བདེ་ཟུང་འབྲེལ”དང“ཁོར་ཡུག་སྲུང་སྐྱོང་དང་གྲོང་ཁྱེར་དོ་དམ་གྱི་ལས་དོན་ཟུང་འབྲེལ”“ཁོར་ཡུག་སྲུང་སྐྱོང་དང་སྡོད་ཁང་འཛུགས་སྐྲུན་ཟུང་འབྲེལ”“ཁོར་ཡུག་སྲུང་སྐྱོང་དང་ཡུལ་སྐོར་ཟུང་འབྲེལ”སོགས་མཉམ་འབྲེལ་གྱི་ཁྲིམས་བསྟར་རྣམ་པ་གསར་པ་ཁྱབ་སྤེལ་གཏོང་བ་བཅས་བྱས་པས་ཁོར་ཡུག་ཁྲིམས་བསྟར་གྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

རྨང་གཞི་དེའི་ཐོག ཉིང་ཁྲི་གྲོང་ཁྱེར་གྱིས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལྗང་འཛུགས་ལྗང་སྤེལ་བྱས་པ་ལས། ད་ཆ་གང་སར་སྔོ་ལྗང་གི་ལྗོན་ཤིང་དང་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་མཐོང་རྒྱུ་ཡོད་པ་རེད།

ཉེ་བའི་ལོ་ལྔའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་གསོ་མུའུ་ཁྲི་36བྱས་པ་དང་། བྱེ་བཅོས་མུའུ་ཁྲི་45བྱས་པ། གྲོང་ཁྱེར་དུ་ནགས་བཟོ་སྔོ་འགྱུར་མུའུ་1100བྱས་པ། ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་བྱེ་འགོག་བྱེ་བཅོས་མུའུ་16300ལྷག་ཙམ་ལེགས་གྲུབ་བྱུང་བ་ལས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་སྐྱུར་ནགས་གསོ་རྩྭ་གསོ། རི་བཀག་ནགས་གསོ། གྲོང་གསེབ་སྔོ་འགྱུར། བྱེ་འགོག་བྱེ་བཅོས་སོགས་ཀྱི་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལེགས་གྲུབ་ནུས་ལྡན་བྱུང་ཡོད།

སྔོ་ལྗང་སྣོད་བཅུད་ཤེས་དཔལ་གྲོང་ཁྱེར་སྐྲུན་པ་ནི་ལས་སླ་པོ་ཞིག་མིན་པས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཁོར་ཡུག་ལ་སྤྱི་དམངས་ཡོངས་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཤིང་ཆ་ལྐོག་གཅོད་དང་གང་བྱུང་དུ་གཅོད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ། ཕྱུགས་བཀག་རྩྭ་བསྙལ། ཕྱུགས་འདོར་རྩྭ་གསོ། མིའི་ཐབས་ལ་བརྟེན་ནས་རྩྭ་འདེབས་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ནས་མི་ཚང་མས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་པ་དང་ཁོར་ཡུག་སྲུང་སྐྱོང་གི་འགན་འཁུར་བ་ཧུར་ཐག་བྱས་ཏེ། ཡུག་འབྲེལ་ཆེན་པོའི་ནགས་ཤིང་སླར་གསོ་བྱུང་བ་དང་རྨོ་ཞིང་རྩྭ་ཐང་དུ་གྱུར་ནས་ནགས་ལས་དང་རྩྭ་ཐང་གི་ཐོན་ཁུངས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)