《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月15日

ལྷ་རི་རྫོང་སྨི་ཏི་ཁ་ཤང་གིས།

སེམས་ནུས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་ཏན་ཏིག་གཏོང་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད། ལྷ་རི་རྫོང་སྨི་ཏི་ཁ་ཤང་ཏང་ཨུད་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་བཅས་ཀྱིས་བློ་བསྡུས་དགེ་འཚོལ་ངང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབྲོག་པ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཤིང་། འདི་ལོའི་ཟླ་7པར་ཞོ་ལས་སྣོན་བཟོ་གྲྭའི་འབྲེལ་ཡོད་ཡོ་ཆས་ཉོས་པ་དང་ཟླ་8ཚེས་31ཉིན་དངོས་སུ་ཐོན་སྐྱེད་བྱེད་འགོ་བཙུགས་ནས་སྨི་ཏི་ཁ་ཤང་གི་ཞོ་ཐོན་སྐྱེད་བྱས་པ་རེད། ལྷ་སར་སྨི་ཏི་ཁ་ཤང་གི་ཞོ་ཆེད་ཚོང་ཁང་ཡོད་པ་དང་ཞོ་དེ་དག་ཤང་དུ་བཟོས་རྗེས་གྲང་མཛོད་རླངས་འཁོར་གྱིས་ལྷ་སར་དབོར་ནས་འཚོང་གི་ཡོད་པ་དང་ཉིན་དང་པོར་ཕྱིར་ཚོང་ཡོང་འབབ་སྒོར་3700ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྨི་ཏི་ཁ་ཤང་གི་ཞོ་ཚོང་ཁང་གིས་ས་གནས་དེ་གའི་འབྲོག་པའི་ས་ནས་ཉོས་པའི་ཕྱུར་བ་དང་། རྩམ་པ། མར། ཚགས་ཤ་སོགས་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འཚོང་གི་ཡོད་པ་རེད། གོམ་སྟབས་རྗེས་མར་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲོག་པ་མང་ཚོགས་ཞོ་ལས་སྣོན་བྱ་གཞག་ནང་མུ་མཐུད་ཞུགས་པར་སློབ་གསོ་ཁྲིད་སྟོན་བྱས་ནས་ཕྱིར་ཚོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད། ཞོ་ལས་སྣོན་བཟོ་གྲྭ་བཙུགས་ནས་ཤང་གི་འབྲོག་པའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དེས་སྨི་ཏི་ཁ་ཤང་གི་དབུལ་སྒྲོལ་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་དོན་ལ་ཕན་པ་ཡོད་པ་རེད།