《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月15日

བྱ་བཟང་བསྒྲུབས་ནས་གཞི་རིམ་ལ་རྩ་བ་བརྟན་པོ་ཚུགས་པར་བྱས།

—— ནག་ཆུ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་ལས་བྱེད་པ་གྲོང་སྡོད་ལས་དོན་སྐོར་གྱི་སྒྲིལ་གླེང་།

ཁ་བ་ཆེན་པོ་བབས་རྗེས་ཧོར་སྡེ་ཁ་གྲོང་ཚོར་བཅའ་སྡོད་སོག་རྫོང་ཧྲོག་རྟ་ཤང་སྲིད་གཞུང་གི་ལས་དོན་རུ་ཁག་གིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གངས་བཤངས་ནས་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་པ།

དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་བ།

ནག་ཆུ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་སྤེལ་བ་ནས་བཟུང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྐུལ་འདེད་ཤུགས་ཆེན་དང་། རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གི་མཛུབ་ཁྲིད་ཞིབ་ཚགས་དང་རྒྱབ་སྐྱོར་ཤུགས་ཆེན་འོག གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དུས་རབས་གསར་པའི་གྲོང་སྡོད་ལས་འགན་ལ་དམིགས་ནས་གཞི་རིམ་ལ་གཞི་ཚུགས་པ་དང་། དཀའ་སྤྱད་དངོས་སྒྲུབ། རང་འགན་གཙང་སྒྲུབ་བཅས་ཀྱི་སྒོ་ནས་གྲོང་སྡོད་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།

གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱེད་རྒྱུ་གྲོང་སྡོད་ལས་དོན་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དྲིལ་བསྒྲགས་ཇུས་གཞི་བཟོས་ཏེ་སྒྲོག་འགྲེལ་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་སྣ་ཁ་མང་ཞིང་གང་ལ་གང་འཚམ་གྱི་བྱེད་སྟངས་སྤྱད་པ། གཅིག་སྡུད་སྒྲོག་འགྲེལ་དང་། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ། སྨྱན་སྦྱོར་གྱིས་གནས་ཚུལ་གཏོང་སྤེལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྱིམ་དུ་འཚམས་འདྲི་དང་། ཅི་འཕྲོས་མོལ་འཕྲོས་བྱེད་པ། དྲོ་སྐྱིད་སྦྱིན་པ་སོགས་ཀྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་གནད་འཁེལ་བྱས་ཡོད། མི་དམངས་མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དང་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་ཡག་པོ་བྱས་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བོད་རྒྱ་སྐད་གཉིས་ནས་མང་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐེངས་ཁྲི་1.43སྒྲོག་འགྲེལ་བྱས་པས། མང་ཚོགས་མི་ཐེངས་ཁྲི་84ལ་སློབ་གསོ་ཐོབ་ཡོད། ཆེད་དོན་འཆད་ཁྲིད་ཐེངས་5315བྱས་པ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་ཁྲི་17ལྷག་ཙམ་སྤྲད་པ། ཆེད་དོན་དྲིལ་བསྒྲགས་པར་ངོས་དུས་ཐེངས་3076བཏོན་པ་རེད། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་སྐོར་དྲིལ་བསྒྲགས་ཐེངས་8444བྱས་པར་མང་ཚོགས་མི་ཐེངས་ཁྲི་56ལ་སློབ་གསོ་ཐོབ་ཡོད།

མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་རམ་འདེགས་བྱས་པ།

གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་རོགས་དང་། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན། བཙོག་ཟིང་ཞན་གསུམ་གྱི་གནད་དོན་བཅོས་སྒྲིག་ཧུར་ཐག་བཅས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྲིམས་ལྟར་ཁྱབ་གདལ་བཏང་ནས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་སྣེ་ཁྲིད་དེ་སྤྱི་སྐད་བཤད་དེ་གྲོང་མིས་རྒྱལ་ཁབ་ཀྱི་སྤྱི་སྐད་ཤོད་ཚད་མང་དུ་བཏང་བ། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཤུགས་ཆེན་བྱེད་པ་དང་ལས་ཞུགས་ལས་གཏོད་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཧུར་ཐག་ཞུགས་པར་སྐུལ་འདེད་བཏང་ཡོད།

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། འཕེལ་རྒྱས་ལ་སྐུལ་གཏོང་། དམངས་འཚོར་ཕན་འདོགས་པ།

གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ལས་དོན་དངོས་སྒྲུབ་པར་སྤྱོད་གོ་ཆོད་ལ་ལག་ལེན་བསྟར་ནུས་པའི་སྒྲིག་སྲོལ་ལམ་ལུགས་འཛུགས་རོགས་བྱས་པ་དང་། ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བར་མཛུབ་ཁྲིད་བྱས་པ།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས། གྲོང་ཚོར(གྲོང་ལྷན)དབུལ་སྐྱོར་མཚན་མོའི་སློབ་གྲྭ་གཉེར་བ་སོགས་ཀྱི་གཞི་རྩའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་རྒྱུར་སྒྲིག་འཛུགས་ནུས་ལྡན་བྱས་པ། ཤང་དང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ལ་ལས་དོན་སྤེལ་བར་མཛུབ་ཁྲིད་དང་། རྒྱབ་སྐྱོར། རམ་འདེགས་བཅས་བྱས་ཏེ་ཐབས་དང་ཇུས་བཏོན་ནས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་སེལ་རོགས་བྱས་པ། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་དམངས་ཕན་རྣམ་གྲངས་ལག་བསྟར་བྱས་ནས་མང་ཚོགས་ཚོར་བྱ་བཟང་སྒྲུབ་རོགས་བྱས་པ། “སྣེ་ཁྲིད་པའི”འདུ་འགོད་ལག་ལེན་བསྟར་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ལ་ཚན་ཁག་འཛུགས་རོགས་དང་དཔུང་ཁག་གི་སྣེ་ཁྲིད་རོགས་བྱས་པ་དང“བཟང་པོ་ལྔའི”གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་གཏོད་པའི་བླང་བྱ་གཞིར་བཟུང་། གཞི་རིམ་རྩ་འཛུགས་ཡག་པོ་འཛུགས་པ་དང་། གཞི་རིམ་གྱི་ཚན་ཁག་ཡག་པོ་བཀོད་སྒྲིག་བྱེད་པ། གཞི་རིམ་གྱི་ལས་བྱེད་པའི་དཔུང་ཁག་སྣེ་ཡག་པོ་ཁྲིད་པ་བཅས་བྱས་པ་རེད།