《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

དམངས་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། དུས་རབས་ཀྱི་བརྗོད་དོན་མཆོག་ཏུ་འཛིན།

—— 2019ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

གླེང་ཕྱོགས་ལ་ཁྲིད་སྟོན་གྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ།

2019ལོར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་མཛུབ་ཁྲིད་ནུས་ལྡན་དང་ཉིང་ཁྲི་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཉིང་ཁྲི་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ནས་དར་ཆ་བསྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་བྱས་ཏེ། ཉིང་ཁྲིའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད།

2019ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་དང་། ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ” “སྣང་ཆེན་བཞི་དང་དགའ་ཞེན་བཞི”“རྨང་བརྟན་དམངས་ཕན”སོགས་བརྗོད་དོན་གཙོ་བོ་དང་། དབུལ་སྒྲོལ་འགག་སྒྲོལ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། བོད་སྐྱོར་ལས་དོན། ཕྱོགས་བསྡུས་བཅོས་སྐྱོང་། “ཆེད་དོན་འཐབ་རྩོད་གསུམ”སོགས་ནང་དོན་གཙོ་བོ། དེ་བཞིན་བསོད་ནམས་རྣམ་རྒྱལ་དང་ཀའོ་རུང་སོགས་དཔེ་མཚོན་མི་སྣའི་སྔོན་ཐོན་བྱས་རྗེས་བཅས་དྲིལ་བསྒྲགས་གང་ལེགས་བྱས་ཡོད་པ་རེད།

མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཉིང་ཁྲིའི་གསར་འགྱུར་ཁྲི་1.7ལྷག་ཙམ་གཏོང་སྤེལ་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཉིང་ཁྲིའི་གསར་འགྱུར་2000ལྷག་ཙམ་གཏོང་སྤེལ། གསར་དར་ཆ་འཕྲིན་བརྒྱུད་སྤེལ་ལས་སྟེགས་སྤྱད་དེ་པར་རིས་དང་། སྒྲ་བརྙན། H5སོགས་ཀྱི་རྣམ་པ་སྤྱད་དེ་ཉིང་ཁྲིའི་ཆ་འཕྲིན་ཁྲི་3.5ལྷག་ཙམ་གཏོང་སྤེལ་བྱས་པར་ལྟ་མཁན་མི་ཐེངས་ཁྲི་480ལྷག་ཙམ་ཟིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་ལེའུ་8ཡོད་པའི་གནས་ཚུལ་དངོས་མཚོན་གློག་བརྙན《ཉང་ཆུ་གཙང་འགྲམ》ཞེས་པ་དང་ཆེད་དོན་གློག་བརྙན《ཡིད་དབང་འཕྲོག་པའི་ཉིང་ཁྲི》ཞེས་པ་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་ཉིང་ཁྲིའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་བསྟན་པ་དང་སྦྲགས། དུས་མཚུངས་སུ་དྲ་བའི་ཐོག་གཏོང་སྤེལ་བྱས་པས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ། ཉིང་ཁྲིའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་ཚོད་དང་སྤོབས་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

བརྗོད་དོན་མངོན་གསལ་དོད་པ་དང་བྱ་ཐབས་རྣམ་པ་སྣ་ཚོགས་པ།

ལོ་གཅིག་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་བསྐོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་རྒྱུན་མཐུད་ངང་གྲོང་གསེབ་དང་། སློབ་གྲྭ དམག་སྒར། དགོན་སྡེ་སོགས་སུ་སྐོར་འཁྲབ་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་མང་ཚོགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བའི་སྒྱུ་རྩལ་གྱི་རྣམ་པའི་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ནས་ཚང་མས་དགའ་སྤྲོའི་ཁྲོད་ཏང་གི་བཀའ་དྲིན་དེ་བས་དྲན་པ་དང་ཏང་གི་བཀའ་དྲིན་དེ་བས་ཚོར་བ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། 2019ལོའི་ཟླ་12ཚེས་15ཉིན་བར་ཉིང་ཁྲི་གྲོང་ཁྱེར་གྱིས་སྐོར་འཁྲབ་བྱེད་སྒོ་སྣ་ཚོགས་ཐེངས་300ལྷག་ཙམ་སྤེལ་བར་ལྟ་མཁན་མི་ཐེངས་ཁྲི་8ལྷག་ཙམ་ཟིན་ཡོད་པ་རེད།

རིག་གནས་དམངས་ཕན་གྱིས་གྲོང་ཁྱེར་གྱི་ཉམས་བཟང་བཏོད་པ།

2019ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་ཉམས་འགྱུར་བཏོད་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་བཏང་བ། གྲོང་ཁྱེར་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱས་པ་རེད།

གསར་བརྗེའི་ཡུལ་སྐོར་རིག་གནས་ལ་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་སྲུང་སྐྱོང་ལས་ཀ་གང་ལེགས་བྱས་ཏེ་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་སོགས་གསར་བརྗེའི་རྗེས་ཤུལ་ཁག་གཅིག་ཉམས་གསོ་བྱས་པ་དང་ང་ཕོད་གཞིས་ཀའི་གནའ་ཤུལ་དང་གྲོང་ཁྱེར་ཡིག་ཚགས་ཁང་སོགས་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བསྐྲུན་ཡོད་པ་རེད། མིག་སྔར་སློབ་གསོའི་རྟེན་གཞི་དེ་དག་ལ་ལས་བྱེད་པ་དང་མང་ཚོགས་དང་གཞོན་ནུ་ལོ་ཆུང་སློབ་མ་མི་ཐེངས་ཁྲི་1ལྷག་ཙམ་གྱིས་ལྟ་སྐོར་བྱས་ཡོད་པ་རེད།

སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་བཟང་ཤང་དང་གྲོང་རྡལ་གཏོད་པའི་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་རིག་གནས་ཞབས་ཞུ་ལེགས་སུ་བཏང་ཡོད། 2019ལོའི་ཟླ་12པའི་བར་གྲོང་ཁྱེར་ཡོངས་སུ་ཁྱོན་ཞིང་པའི་དཔེ་དེབ་ཁང་489དང་། སྡེ་ཁུལ་གྱི་དཔེ་དེབ་ཁང་1 དགོན་སྡེའི་དཔེ་དེབ་ཁང་79 རྒྱལ་མཚམས་ཀྱི་དཔེ་དེབ་ཁང་4 སྲུང་སྐར་གྲངས་གཞིའི་དཔེ་དེབ་ཁང་125བཅས་ཡོད་པས་ཞིང་པའི(དགོན་སྡེ)དཔེ་དེབ་ཁང་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

མི་རིགས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་རོགས་བྱས་པའི་ཐད་ཉིང་ཁྲི་གྲོང་ཁྱེར་གྱིས་དཔེ་སྟོན་རྟེན་གཞི་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད། 2019ལོའི་ཟླ་11པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་4དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་1ཡོད་པ་དང་། རིག་གནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་872 ཐོ་འགོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར་8.86 ལས་ཞུགས་མི་སྣ་5170བཅས་ཡོད་པ་དེ་དུས་མཚུངས་ལས་6.8%དང་། 7.2% 6.9%བཅས་སོ་སོར་འཕར་ཡོད་པ་དང་། མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་མཉམ་ལས་རྩ་འཛུགས་8དང་ལས་ཞུགས་མི་སྣ་610ལྷག་ཙམ་ཡོད་པ། རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ལ་གཉེར་སྐྱོང་དངུལ་འབོར་སྒོར་དུང་ཕྱུར་15.6བྱུང་བ་དང་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་7.87ཟིན་པ་དེ་དུས་མཚུངས་ལས་9.4%དང་9.6%འཕར་བ། རིག་གནས་དང་རོལ་རྩེད་ལས་རིགས་དང་། སྒྱུ་རྩལ་ལས་རིགས། གློག་བརྙན་ལས་རིགས། དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་སིལ་འཚོང་ལས་རིགས་སོགས་ཕྱོགས་བསྡུས་རྣམ་པའི་རིག་གནས་ཐོན་ལས་ཀྱི་གྲུབ་ཆ་རགས་ཙམ་ཆགས་ཡོད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)