《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

—— སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག

(2020ལོའི་ཟླ་1ཚེས་6ཉིན)

བློ་བཟང་འགྱུར་མེད།

གྲོས་གཞིའི་ལས་དོན་གྱི་སྤྱིའི་གནས་ཚུལ།

ཨུ་ཡོན་རྣམ་པ།

ངས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།

སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་གལ་ཆེའི་རྒྱས་བཤད་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གིས་གྲོས་གཞིའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱ་རྒྱུའི་ཚད་མཐོའི་རང་རྟོགས་ཐོག་ནས་རང་ལྗོངས་ཀྱི་གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་འགན་འཁྲི་སྒྲུབ་སེམས་ཆེ་རུ་གཏོང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་བོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་དམིགས་བསལ་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་པ། རང་རྟོགས་ངང་ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཚོགས་ཆེན་ཐོག་གྲོས་གཞི་ཁག་405དང་དུས་རྒྱུན་གྱི་གྲོས་གཞི་ཁག་11ཕུལ་ཡོད་ཅིང་། ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི་ཁག་404གྲོས་ཁོངས་སུ་བཅུག་ཡོད་པ་དེས་གྲོས་ཁོངས་སུ་འཇུག་ཚད་ཀྱི་97.12%བཟུང་བ་དང་། སྒྲུབ་གཉེར་ཚན་པ་ཁག་55ལ་གཉེར་སྒྲུབ་བྱ་རྒྱུར་རྩིས་སྤྲད་ཡོད། 2019ལོའི་ཟླ་10ཚེས་31ཉིན་བར། གྲོས་གཞི་ཚང་མ་གཉེར་སྒྲུབ་ལན་འདེབས་བྱས་ཟིན། ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད་གྲོས་གཞིའི་གཉེར་སྒྲུབ་ཐད་ཕན་འབྲས་དངོས་ཐོན་ནས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། རིག་གནས་དར་རྒྱས། སྐྱེ་ཁམས་བཟང་བ། ཏང་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་སྐུལ་སྤེལ་གཏོང་ཕྱིར་དགོས་ངེས་ཀྱི་ནུས་པ་བཏོན་ཡོད།

ཨུ་ཡོན་རྣམས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་དམིགས་ནས། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཐོག བརྟན་ལྷིང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱ་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། ཏང་གི་མཐའ་སྐྱོང་བོད་བརྟན་གྱི་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ། ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར“ཁྲིད་སྟོན”བྱ་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གྲོས་གཞི་ཁག་27ཕུལ་བ་དེས་གྲོས་གཞི་ཡོངས་ཀྱི་6.68%བཟུང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་རྒྱུ་དང“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་རྒྱུ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ། དད་ལྡན་མང་ཚོགས་ཀྱིས་ཚེ་འདིར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བར་ཁྲིད་སྟོན་བྱ་རྒྱུ། 《མི་འབོར་གྱི་ཆ་འཕྲིན་རྩད་ཞིབ་བྱེད་པར་ཞབས་ཞུ་སྒྲུབ་པའི་ལས་དོན་གྱི་ཚད་གཞི》བཟོ་འབེབས་བྱ་རྒྱུ། གྲོང་ཁྱེར་གྱི་སྤྱི་པའི་སྒྲིག་བཀོད་མི་ཆོས་ཅན་དུ་ཇུས་འགོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་6གི་དོན་ཚན་29བཏོན་ནས་མཐའ་མཚམས་སྲ་བརྟན་དང་། བདེ་འཇགས། དར་རྒྱས་བཅས་ཡོང་བར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བསྐྲུན་ཕྱིར་ཚབ་བྱེད་ཐབས་མེད་པའི་ནུས་པ་བཏོན་ཡོད།

ཨུ་ཡོན་རྣམས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་སུ་གཏོང་རྒྱུར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་ལ་ཕན་སྐུལ་གཏོང་རྒྱུ་དེ་འགན་འཁྲི་སྒྲུབ་པའི་དོན་ཆེན་ཨང་དང་པོར་བརྩིས་ཐོག གོང་འཕེལ་གྱི་བསམ་གཞི་གསར་པ་བརྟན་པོ་བཙུགས་ནས“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་པར་རོགས་སྐྱོར་བྱ་རྒྱུ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གྲོས་གཞི་ཁག་121ཕུལ་བ་དེས་གྲོས་གཞི་ཡོངས་ཀྱི་29.95%བཟུང་ཡོད། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་ཕན་སྐུལ་གཏོང་རྒྱུ་དང་། བོད་ལྗོངས་མཐོ་སློབ“སློབ་གྲྭ་བདུན་མནའ་འབྲེལ”གྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རིག་མཛོད་བཟོ་བར་སྐུལ་འདེད་གཏོང་རྒྱུ། བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། རང་ལྗོངས་ཀྱི་ཚོང་དོན་ཟོག་འདྲེན་ལས་རིགས་གོང་འཕེལ་ཡོང་བར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཡུལ་སྐོར་དོ་དམ་ལམ་སྲོལ་གསར་གཏོད་བྱ་རྒྱུ། ཞིང་འབྲོག་གི་ཁྱད་ལྡན་ཐོན་ལས་གོང་འཕེལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྲོན་བོད་ལྕགས་ལམ་དང“3+1”གི་གནམ་ཐང་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་7གྱི་དོན་ཚན་43བཏོན་ནས་སྤུས་ཚད་མཐོ་བའི་སྒོ་ནས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་ཕན་སྐུལ་གཏོང་རྒྱུ་དང་དཔལ་འབྱོར་གྱི་གཙོ་བོའི་དམིགས་ཚད་འཕར་སྣོན་འགྲོ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

ཨུ་ཡོན་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་རྒྱུན་སྲིང་བཟང་པོ་ཡོང་བར་དམིགས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཕན་སྐུལ་གཏོང་རྒྱུ་དེ་འགན་འཁྲི་སྒྲུབ་པའི་གཟི་བརྗིད་ཀྱི་ལས་འགན་ལ་བརྩིས་ཐོག “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་ཤེས་དཔལ་མ་ལག་གང་མགྱོགས་འཛུགས་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་གི་མངོན་ཆེའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་རྒྱུ། ནམ་མཁའ་སྔོ་བ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ་བཅས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ། འབྱུང་འཕྲོད་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ། སྐྱེ་ཁམས་དམངས་ཕན་ལ་སྐུལ་འདེད་གཏོང་རྒྱུ། རྩྭ་ཐང་གི་སྐྱེ་ཁམས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁོར་ཡུག་བཅོས་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱ་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གྲོས་གཞི་ཁག་54ཕུལ་བ་དེས་གྲོས་གཞི་ཡོངས་ཀྱི་13.37%བཟུང་ཡོད། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། “རི་གཉིས་སྨྲ་བ”བརྟན་པོ་འཛུགས་རྒྱུ། ཆུ(མཚོ)དཔོན་ལམ་ལུགས་དོན་འཁྱོལ་བྱ་རྒྱུ། རང་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་ཞན་ཆ་སེལ་རྒྱུ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ། རི་སྐྱེས་བོད་སྨན་སྨན་རྒྱུར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་འགུལ་ཆེན་པོར་སྐུལ་སྤེལ་གཏོང་རྒྱུ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་དགའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་6གི་དོན་ཚན་31བཏོན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཕྱིར་ནུས་པ་ཧུར་ཐག་བཏོན་ཡོད།

ཨུ་ཡོན་རྣམས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་དམིགས་ཏེ། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རམ་འདེགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩིས་ཤིང་། “བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་ཉག་ཅིག་ཡིན་པ་དང་། སྤྱི་ཡོངས་ཤིན་ཏུ་དབུལ་པོ་ཡིན་པའི”ངེས་གནས་དེར་སྟངས་འཛིན་ནན་པོ་བྱས་ཏེ། དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབ་རྒྱུ་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་སྲིད་སྐྱོང་ཇུས་འདོན་བྱེད་པའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩིས་ཐོག ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། སློབ་གསོའི་ཐོན་ཁུངས་མཁོ་འདོན་ཇེ་ལེགས་སུ་གཏོང་རྒྱུ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་རྒྱུ། སྨན་བཅོས་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ཏེ། གྲོས་གཞི་ཁག་68ཕུལ་བ་དེས་གྲོས་གཞི་ཡོངས་ཀྱི་16.83%བཟུང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཁྱབ་གདལ་གཏོང་རྒྱུ་དང་། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པ་སྟོབས་ཆེར་གཏོང་བའི་ལས་གཞི་ལག་བསྟར་བྱ་རྒྱུ། “གསོ་རླུང་དམའ་བ་དང་བདེ་ཐང”ཐད་ཀྱི་ཞིབ་འཇུག་གསར་སྤེལ་རྟེན་གཞི་འཛུགས་རྒྱུ། ལྗོངས་ཡོངས་ཀྱི་ནད་ཆེན་སྨན་ཡོན་གཅིག་གྱུར་གྲབས་གསོག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ཐོན་སྐྱེད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་7གྱི་དོན་ཚན་38བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་གང་ཐུབ་སེལ་བའི་ཁར། ཏང་གི་བསམ་འདུན་རིགས་ཁོངས་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ལ་བསྒྱུར་ནས་2019ལོའི་ལོ་འཁོར་གྱི་བོད་ལྗོངས་ཀྱི་དབུལ་པོ་དབུལ་ནག་མེད་པ་བཟོ་བའི་དམིགས་ཚད་རྩ་བའི་ཆར་ལེགས་འགྲུབ་ཡོང་ཆེད་གལ་ཆེའི་ནུས་པ་བཏོན་ཡོད།

ཨུ་ཡོན་རྣམས་ཀྱིས་རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱོང་སྤེལ་དང་ལག་བསྟར་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ཕྱོགས་གལ་ཆེན་ཞིག་ལ་བརྩིས་ཐོག གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་ཆེ་རུ་གཏོང་རྒྱུ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གྲོས་གཞི་ཁག་134ཕུལ་བ་དེས་གྲོས་གཞི་ཡོངས་ཀྱི་33.17%བཟུང་ཡོད། བོད་སྡོད་ཨམ་བན་རིམ་བྱོན་གྱི་གཟུགས་བརྙན་ཚོམ་བུའི་འཇིམ་བརྐོས་ཆེ་གྲས་སམ་ཡང་ན་འབུར་བརྐོས་གྱང་རིང་བཟོ་སྐྲུན་བྱ་རྒྱུ་དང་། རང་ལྗོངས་ཀྱི་རིག་གནས་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་རིག་གནས་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་གཉེར་སྐྱོང་བྱེད་རྣམ་ལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། བོད་སྐད་ཡིག་གི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ། མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱ་རྒྱུ། སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་རིགས་ཀྱི་སློབ་གསེང་དཔེ་དེབ་ལྟ་ཀློག་བྱེད་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་7གྱི་དོན་ཚན་23བཏོན་ནས། རིག་གནས་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད།

ཨུ་ཡོན་རྣམས་ཀྱིས་དམག་ཞབས་ཐིམ་པའི་དམག་མིར་ཐུགས་ཁུར་དང་གུས་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གང་ཐུབ་གཏོད་རྒྱུ་དང་། དུས་བབ་གསར་པའི་འོག་གི་མི་དམངས་འདུམ་འགྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྲིད་གྲོས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། བློ་འདྲི་དང་རིགས་སྒྲུབ་ཁུངས་སྐྱེལ་རྒྱ་ཆེར་བྱས་པ་མ་ཟད། གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱས་པའི་གྲུབ་འབྲས་དོན་སྨིན་ཏན་ཏིག་བྱུང་བ་དང་། “དོན་ཐོག་ཏུ་འཁྱོལ་ཐུབ་པ”དང“གཅིག་ཏུ་འགྲིལ་ཐུབ་པ”བྱ་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་བརྟེན། སྲིད་སྐྱོང་ཇུས་འདོན་བྱ་རྒྱུ་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་པའི་ཁྱད་འཕགས་ཀྱི་རིན་ཐང་མངོན་ཐུབ་ཡོད།

གྲོས་གཞིའི་ལས་དོན་གསར་གཏོད་དང་ལག་ལེན་བྱས་ཚུལ།

ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས། ལྗོངས་ཏང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོས་གཞིའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཕྱོགས་གཙོ་བོ། སྤྱི་ཡོངས་དམིགས་ཚད་བཅས་མཐའ་འཁྱོངས་ཀྱིས་སྤུས་ཚད་ཀྱི་འདུ་ཤེས་དང་ལམ་ལུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། རྒྱུན་འཛིན་གྱི་ཁྲོད་དུ་གོང་འཕེལ་གཏོང་བ་དང་གོང་འཕེལ་གྱི་ཁྲོད་དུ་གསར་གཏོད་བྱས་པར་བརྟེན། རང་ལྗོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་ལ་གོང་འཕེལ་གྱི་ཁྱད་ཆོས་གསར་པ་མངོན་ཡོད།

(གཅིག)རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྲོས་གཞིའི་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱས་པ། ལྗོངས་ཏང་ཨུད་དང་། སྲིད་གཞུང་། སྲིད་གྲོས་ཏང་ཙུའུ། ཀྲུའུ་ཞི་ལྷན་ཚོགས་བཅས་ཀྱིས་གྲོས་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། འགོ་ཁྲིད་གཙོ་བོ་སྐུ་ངོ་མས་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གསན་ནས་འབྲེལ་ཡོད་གྲོས་གཞིར་བཀའ་མཆན་གལ་ཆེན་ཐེངས་མང་གནང་ཞིང་། གཉེར་སྒྲུབ་དོན་འཁྱོལ་བྱེད་པའི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྲིད་གྲོས་ཆེད་དོན་ཨུ་ལྷན་ཁག་གིས་རིགས་ཁོངས་ཁག་གི་ཏང་ཡོན་ཨུ་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རིགས་ཁོངས་ཁག་གི་ཨུ་ཡོན་དང་། མི་རིགས་ཆོས་ལུགས་དང་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་དང་འབྲེལ་བ་དམ་ཟབ་བྱས་ཏེ། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཁྲོད་གྲོས་གཞི་འཛིན་ཐབས་སུ་བྱས་ནས་ལག་ལེན་གསར་གཏོད་དང་ལས་སྒྲུབ་ཁུར་ལེན་བྱས་ཡོད། སྒྲུབ་གཉེར་ཚན་པ་ཁག་གིས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་དོན་དེ་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བ་དང་། འགན་བགོས་འགོ་ཁྲིད་ཀྱིས་ཐད་ཀར་དམ་འཛིན་བྱེད་པ། གཉེར་སྒྲུབ་མི་སྣས་ཞིབ་ཕྲའི་སྒྲུབ་གཉེར་བྱེད་པ་བཅས་ཀྱི་གྲོས་གཞི་གཉེར་སྒྲུབ་བྱེད་སྟངས་ཤིག་ཆགས་ནས། འགན་འཁྲི་ཁ་གསལ་བ་དང་ཕན་འབྲས་མཐོ་རུ་ཕྱིན་པར་བརྟེན་གྲོས་གཞི་གཉེར་སྒྲུབ་བྱས་འབྲས་དོན་སྨིན་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་ཧུར་ཐག་བཏོན་ཡོད།

(གཉིས)གྲོས་ཁོངས་སུ་འཇུག་རྒྱུར་ཞིབ་བཤེར་ནན་པོ་བྱས་ནས་གྲོས་གཞིའི་སྤུས་ཚད་ལ་འགན་ལེན་བྱས་པ། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ཁོང་དུ་ཟབ་མོ་ཆུད་པ་བྱས་ནས། གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་སྤུས་འབྲས་ལེགས་སུ་གཏོང་རྒྱུའི་ཤུགས་རྒྱག་ས་གཙོ་བོ་ཞིག་ལ་བརྩིས་ཐོག བརྗོད་གཞི་ལེགས་འདེམས་བྱ་རྒྱུའི་ཐད་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། སྔོན་ཚུད་ནས་གྲོས་གཞིའི་ཁུངས་སྣེ་བསྡུ་རུབ་དང་། དཔྱད་གཞིའི་བརྗོད་གཞི་ལེགས་འདེམས། མཉམ་སྡེབ་ཀྱི་གྲོས་གཞི་འདོན་པ་བཅས་ཀྱི་ཐོག་ནས་གྲོས་གཞིར་ཞིབ་བཤེར་དང་གྲོས་མོལ་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད། ཚང་འཛོམས་གྲོས་ཚོགས་འཚོག་རིང་། ཨུ་ཡོན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲིར་ངོ་གནོང་མི་དགོས་པ་བྱ་རྒྱུར་སྐུལ་མ་བཏང་བ་མ་ཟད། གྲོས་གཞི་བརྒྱུད་དེ་བློ་རྩལ་སྤྲུགས་པའི་ཐབས་མང་ཙམ་འདོན་པ་དང་དམ་པ་དོན་གཉེར་གྱི་ཇུས་གང་མང་བཏོན་ཡོད། དུས་མཚུངས་གྲོས་གཞིར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟ་བཤེར་སྡེ་ཚན་དང་། ལོ་ལྟར་གྲོས་གཞི་གཉེར་སྒྲུབ་བྱེད་མཁན་གྱི་ཚན་པ་ཆེ་ཁག སྲིད་གྲོས་གྲོས་གཞི་ཨུ་ལྷན་གྱིས་བཙུགས་པའི་ཆེད་སྒྲུབ་ཚན་པ། དེ་བཞིན་མཉམ་འབྲེལ་ཞིབ་བཤེར་བྱེད་ཐབས་བཅས་ཀྱི་ཐོག་ནས་ཞིབ་ཚགས་དང་། གཟབ་ནན། ཚན་རིག་དང་མཐུན་པ། ཚད་ལྡན་བཅས་ཡོང་གང་ཐུབ་བྱས་པ་དང་། གྲོས་གཞི་བཏོན་ཕྱིན་གྲོས་ཁོངས་སུ་འཇུག་རྐྱང་མ་བྱས་པར་བརྟེན་གྲོས་གཞིའི་སྤུས་ཚད་མཐོ་རུ་ནུས་ལྡན་སོང་ཡོད།

(གསུམ)གཉེར་སྒྲུབ་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་དོན་སྨིན་དང་དོན་འཁྱོལ་ཡོང་བར་སྐུལ་སྤེལ་བཏང་བ། ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་སྲིད་གཞུང་གཞུང་དོན་ཐིང་ལ་རང་རྟོགས་ངང་མཐུན་སྦྱོར་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལྗོངས་སྲིད་གཞུང་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་སྤྲོད་ཚོགས་འདུ་འཚོག་རྒྱུར་གཞོགས་འདེགས་བྱས་ཐོག སྒྲུབ་གཉེར་དང་མཉམ་སྒྲུབ་ཚན་པར་གྲོས་གཞི་རྩིས་སྤྲོད་ཀྱིས་ཞིབ་འཇུག་གཉེར་སྒྲུབ་ནན་ཏན་བྱས་ཡོད། གཙོ་གནད་ལ་བརྟེན་ནས་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་གྲོས་གཞི་ཁག་11གཏན་འཁེལ་བྱས་ཐོག སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་སྐུ་གཞོན་10ཡིས་སྣེ་ཁྲིད་སྒྲུབ་སྐུལ་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད་ལ། ས་ཡུལ་དངོས་སུ་གྲོས་གཞིའི་ཕན་འབྲས་དོན་སྨིན་དོན་འཁྱོལ་གྱི་ལས་དོན་དང་ལས་དོན་སྤེལ་ཐབས་རྒྱ་ཆེར་གཏོང་རྒྱུར་མཛུབ་ཁྲིད་བྱས་པར་བརྟེན་གྲོས་གཞི་གཉེར་སྒྲུབ་བྱེད་པའི་སྤུས་ཚད་མཐོ་རུ་སོང་ཡོད། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲུབ་གཉེར་ཚན་པ་ཁག་གིས་སྒོ་རྩར་བཅར་ཏེ་གྲོས་མོལ་བྱེད་པ་དང་། ཁ་པར་ཐོག་ནས་གྲོས་མོལ་བྱེད་པ། ཨུ་ཡོན་གདན་ཞུས་ཀྱིས་གཟིགས་སྐོར་བརྟག་ཞིབ་ནང་ཞུགས་པ་སོགས་ཀྱི་ཐོག་ནས་གཉེར་སྒྲུབ་གྲོས་མོལ་བྱས་ཏེ། གྲོས་གཞིའི་ཕན་འབྲས་དོན་སྨིན་དང་དོན་འཁྱོལ་བྱས་པར་བརྟེན་ལས་ཀར་སྐུལ་འདེད་གཏོང་བའི་ངོས་འཛིན་གཅིག་སྒྲིལ་དང་གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་དེ་ལས་དོན་ཁག་ལ་སྐུལ་སྤེལ་གཏོང་བའི་ཚན་རིག་དང་མཐུན་པའི་གཞི་འཛིན་ས་ཞིག་ཆགས་ཡོད།

(བཞི)སློབ་སྦྱོང་སྦྱོང་བརྡར་སྤྲས་ཏེ་གྲོས་གཞིའི་གཉེར་སྒྲུབ་ལས་ཀའི་ནུས་པ་ཤུགས་ཆེར་བཏང་བ། སྲིད་གྲོས་ཀྱི་འཆར་ཅན་ཚོགས་འདུ་དང་འགན་སྒྲུབ་བྱེད་སྒོ། དེ་བཞིན“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སོགས་གཞི་རྟེན་དུ་བྱས་ནས། རྒྱལ་ཡོངས་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་པོ་བྱས་ཡོད་ལ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་གྲོས་གཞིའི་ལས་དོན་ཐད་བཏོན་གནང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཟབ་མོ་ཆུད་པ་བྱས་ཡོད། སྲིད་གྲོས་གཞུང་དོན་ཐིང་དང་། གྲོས་གཞི་ཨུ་ཡོན་ལྷན་ཁང་། དེ་བཞིན་ཕྱོགས་ཁག་གི་སྟོབས་ཤུགས་བཅས་ལ་བརྟེན་ནས་སྐབས་འདིའི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་སྦྱོང་བརྡར་འཛིན་གྲྭ་ཐེངས་དང་པོ་ཡག་པོ་གཉེར་བ་དང་། རང་ལྗོངས་ཀྱི“རིམ་གསུམ”སྲིད་གྲོས་ཨུ་ཡོན་དང་། ས་གནས(གྲོང་ཁྱེར)ཁག་གི་སྲིད་གྲོས་ཀྲུའུ་ཞི་སྐུ་གཞོན། གྲོས་གཞི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། དེ་བཞིན་ལྗོངས་ཏང་ཨུད་དང་སྲིད་གཞུང་། ས་གནས(གྲོང་ཁྱེར)ཨུ་ཨོན་ལྷན་ཁང་། སྲིད་ཧྲུའུ(སྲིད་གཞུང)བཅས་ཀྱི་ལྟ་བཤེར་ཁང་གི་འགན་འཁུར་བློ་མཐུན། ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་སྐུ་གཞོན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་དེའི་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་བཅས་མི་གྲངས་110ལ་གཅིག་སྡུད་སྦྱོང་བརྡར་སྤྲས་ཏེ། སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཤེས་བྱ་གཅིག་སྡུད་སློབ་སྦྱོང་དང་གོ་བ་ལེན་པའི“གཏན་འཁེལ་བྱེད་སྒོ”སྤེལ་ཡོད་ལ། ཕན་ཚུན་བགྲོ་གླེང་དང་། བསམ་འཆར་སྤེལ་རེས། ཉམས་མྱོང་མཉམ་སྤྱོད་བཅས་ཀྱི“རང་འདེམས་བྱེད་སྒོ”ཡང་སྤེལ་བར་བརྟེན་གྲོས་གཞིའི་ལས་དོན་གྱི་གཞུང་ལུགས་རྨང་གཞི་སྔར་བས་བརྟན་དུ་སོང་བ་དང་། གྲོས་གཞི་འདོན་པ་དང་གཉེར་སྒྲུབ་བྱེད་ནུས་ཤུགས་ཆེར་སོང་ཡོད།

(ལྔ)སྤེལ་རེས་མཉམ་འགུལ་ལ་སྣང་ཆེན་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་ཀྱི་མཉམ་ཤུགས་ཆགས་པ་བྱས་པ། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་སྲིད་གྲོས་ཀྱི་གྲོས་གཞིའི་ལས་ཀའི་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་རང་སྐྱོང་ལྗོངས་སྲིད་གཞུང་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་བྱ་ཐབས་འཚོལ་ཞིབ་དང་ཁྱབ་སྤེལ་བཏང་བར་བརྟེན། གཉེར་སྒྲུབ་དོན་འཁྱོལ་གྱི་ཕན་འབྲས་བཟང་པོ་ཐོན་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་འགོ་ཁྲིད་ཀྱི་ཁས་ལེན་དང་རྒྱ་ཆེའི་གྲོས་གཞི་འདོན་མཁན་གྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ལྷག་པར་དུ་གཙོ་གནད་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ་བརྒྱུད། འབྲེལ་ཡོད་སྡེ་ཚན་དང་ས་གནས(གྲོང་ཁྱེར)དང་རྫོང(ཆུས)ཁག་ལ་ཟབ་སྐྱོད་ཀྱིས་གྲོས་གཞི་གཉེར་སྒྲུབ་བྱས་ཚུལ་ཐད་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། ས་གནས(གྲོང་ཁྱེར)དང་རྫོང(ཆུས)སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་ཁོངས་གཏོགས་མཉམ་འགུལ་དང་། སྤྱི་ཡོངས་ལ་སྐུལ་སྤེལ་བཏང་བར་བརྟེན་གྲོས་གཞི་གཉེར་སྒྲུབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཕྱོགས་ཁག་གིས་གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་མཉམ་འཛིན་སྤྱི་སྒྲུབ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད། ན་ནིང་སྒྲུབ་སྐུལ་གྲོས་མོལ་དང་སྒྲུབ་སྐུལ་རྗེས་འདེད་ཁྱོན་ཐེངས་15བྱས་པ་དང་། ས་གནས(གྲོང་ཁྱེར)དང་རྫོང(ཆུས)སྲིད་གྲོས་ལ་མཛུབ་ཁྲིད་ཐེངས་24བྱས་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་གཉིས་པར་མཐུད)

2020ལོའི་ལས་ཀའི་གཙོ་གནད།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་པས། འདི་ལོའི་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས། ལྗོངས་ཏང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་མ་ཟད། སྲིད་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུར་དམིགས་ཏེ། གྲོས་གཞིའི་ལས་དོན་སྤེལ་ཐབས་ཞིབ་ཚགས་བཟོ་བ་དང་། གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། གྲོས་གཞིའི་སྤུས་ཚད་དང་གཉེར་སྒྲུབ་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཁྲོད་གྲོས་གཞིའི་ལས་དོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་སྟེ།

(གཅིག)བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཁྱབ་ཐོག་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ། དགོངས་པ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཁར། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ལྷན་གྱི་ལས་དོན་ཚོགས་འདུ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་སོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཐོག འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་དང་གྲོས་གཞིའི་ལས་སྒོའི་ཤེས་བྱ་ཁོང་དུ་ཆུད་པ་བྱས་ཏེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་གྲོས་འདོན་དང་། ཞིབ་བཤེར། གཉེར་སྒྲུབ། སྒྲུབ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱ་རྒྱུ་མ་ཟད། སློབ་སྦྱོང་དྲིལ་བསྒྲགས་དང་འགན་སྒྲུབ་ལག་ལེན་བྱེད་པའི་ཁྲོད་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་སེལ་བ། ཐབས་འདོན་ཇུས་འབུལ། སེམས་ཤུགས་གཅིག་སྒྲིལ་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཐུན་ཆ་ཆེ་ཤོས་ཐོག་ནས་ཀུན་སེམས་གཅིག་ཏུ་སྒྲིལ་ཐུབ་པ་བྱ་རྒྱུ།

(གཉིས)བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ་གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། འབྱུང་རྩ་ནས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུང་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་སྡེབ་སློབ་སྦྱོང་དང་། ཆེད་དོན་ཟུར་ཁྲིད། མཉམ་དུ་བརྟག་ཞིབ་སོགས་ཀྱི་ཐབས་རྣམ་གང་མང་སྤྱད་དེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་བརྗོད་གཞི་ལེགས་འདེམས་དང་། བརྟག་ཞིབ་གཏིང་ཟབ། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ། ཚད་ལྡན་རྩོམ་འབྲི་སོགས་ཐད་ལ་ཡར་རྒྱས་གསར་པ་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ། གྲོས་གཞི་གྲོས་ཁོངས་སུ་འཇུག་པའི་ཚད་གཞི་ནན་པོ་བཟོས་ཏེ་གྲོས་གཞི་འདོན་མཁན་གྱིས“དོན་ཐོག་ཏུ་འཁྱོལ་ཐུབ་པ”དང“གཅིག་ཏུ་འགྲིལ་ཐུབ་པ”བྱ་རྒྱུའི་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབ་རྒྱུར་དམིགས་ཏེ་སྤུས་ཚད་མཐོ་བའི་གྲོས་གཞི་དང་། བསམ་འཆར། གྲོས་འགོ་བཅས་འདོན་རྒྱུར་ཁྲིད་སྟོན་བྱ་རྒྱུ།

(གསུམ)དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《མི་དམངས་སྲིད་གྲོས་ཀྱི་གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དང་གཙོ་གནད་གྲོས་གཞི་འདེམས་སྒྲུག་དང་སྒྲུབ་སྐུལ་བྱ་རྒྱུ་སོགས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། སྲིད་གཞུང་གི་འགོ་ཁྲིད་དང་སྲིད་གྲོས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འགོ་ཁྲིད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། གྲོས་གཞི་གཉེར་སྒྲུབ་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱེད་པའི་འདུ་ཤེས་བརྟན་པོ་བཅངས་ཏེ་གཉེར་སྒྲུབ་གྲོས་མོལ་བྱེད་པ་དང་། གཉེར་སྒྲུབ་ནང་ཞུགས་པ། མཐུན་སྦྱོར་བརྟག་ཞིབ་བྱེད་པ། རྒྱང་སྦྲེལ་གྲོས་མོལ་བྱེད་པ་སོགས་ཀྱི་སྒྲུབ་སྐུལ་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཐོག གྲོས་གཞི་གཉེར་སྒྲུབ་ཡག་པོ་བྱེད་པ་དང་། དངོས་འབྲེལ་གཉེར་སྒྲུབ་བྱེད་པ། གཉེར་སྒྲུབ་གནད་འཁེལ་བྱེད་པ་བཅས་ཀྱི་ཐོག་ནས་གྲོས་གཞི་གཉེར་སྒྲུབ་ཀྱི་འཚམས་ལན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བསམ་འཆར་དང་གྲོས་འགོ་དང་ལེན་དང་། དོན་འཁྱོལ། ཕན་འབྲས་དོན་སྨིན་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

(བཞི)སྒྱུར་བཅོས་གསར་གཏོད་ལ་སྐུལ་སྤེལ་བཏང་སྟེ་གྲོས་གཞིའི་ལས་དོན་ཚན་རིག་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་རྒྱུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་ནས་རང་ལྗོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་དང་བྱ་ཐབས་ལ་ཕྱིར་མིག་ལྟ་བ་དང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། སྒྱུར་བཅོས་ཀྱི་བསམ་གཞི་དང་། གསར་གཏོད་ཀྱི་འདུ་ཤེས། དོན་གཉེར་གྱི་བྱ་ཐབས་བཅས་ཀྱི་ཐོག་ནས་གྲོས་གཞིའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན། ཆ་འཕྲིན་ཅན་བཅས་སུ་འགྱུར་བར་ཤུགས་སྣོན་རྒྱག་རྒྱུ། གྲོས་གཞིའི་ལས་དོན་སྡེ་ཚན་དང་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་ཀའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་རྒྱུ། གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗོངས་ཕྱི་ནང་གི་གཙོ་རྒྱུན་སྨྱན་སྦྱོར་དང་བོད་ལྗོངས་སྲིད་གྲོས་ཀྱི་རང་ངོས་དྲིལ་བསྒྲགས་ལས་སྟེགས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་དང་། བོད་ལྗོངས་ཀྱི་གཏམ་རྒྱུད། སྲིད་གྲོས་ཀྱི་གཏམ་རྒྱུད། གྲོས་གཞིའི་གཏམ་རྒྱུད་བཅས་ཡག་པོ་བཤད་དེ་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་དོན་ལ་སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཐེ་ཞུགས་བྱེད་པ། སྐུལ་སྤེལ་གཏོང་བ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་བཅས་རེད།

ཨུ་ཡོན་རྣམ་པ། འདས་ཟིན་ལོ་ཟླར་གཡུར་ཟའི་གྲུབ་འབྲས་ཐོབ། མ་འོངས་ལོ་ཟླར་འབད་འབུངས་ལྡབ་བརྒྱ་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཁར། མཐུན་སྒྲིལ་འབད་འཐབ་བྱས་ཏེ་བོད་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་དེ་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་རྣམ་པ་གསར་རྐྱང་ཞིག་གཏོད་རྒྱུ་ཡིན།

(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)