《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

—— སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག(2020ལོའི་ཟླ་དང་པོའི་ཚེས་6ཉིན)

ཀའོ་དབྱང་།

ཨུ་ཡོན་རྣམ་པ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། ངས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།

2019ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།

2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ངང་སྐོང་ཚོགས་བྱས་ཐོག དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསལ་སྟོན་དང་། ངོ་བོ་གཏན་འཁེལ། འགན་ནུས་གསར་སྣོན་བཅས་བྱས་པ་མ་ཟད། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་བཀོད་སྒྲིག་བྱ་རྒྱུ་སྔར་བས་ཚགས་ཚུད་དང་སྔར་བས་གཏན་འཁེལ་བྱུང་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཁྲོད་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་འཕེལ་ཡོད། ཀྲུའུ་ཞི་དབང་དབྱང་གིས་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་ཅིང་། མངའ་རིས་ས་ཁུལ་རྩ་མདའ་རྫོང་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་། “གཞི་རིམ་སྲིད་གྲོས་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྟོབས་ཆེར་གཏོང་བ་དང་། རིགས་ཁོངས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ”ཞེས་ནན་བཤད་གནང་ཡོད་པ་དེས་ང་ཚོས་དུས་རབས་གསར་པར་གཞི་རིམ་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་གསལ་སྟོན་དང་སྒུལ་ཤུགས་གསར་པ་བསྣན་ཡོད། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། དུས་རབས་གསར་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་ཐེངས་དང་པོ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུས་ཐོག་ཏུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྟེན་འབྲེལ་གློག་འཕྲིན་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། བོད་ལྗོངས་སྲིད་གྲོས་ཀྱི་ལོ་ངོ་60དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོཌ་ཚུན་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཐུན་མོང་ཐོག་ཕྱིར་དྲན་བྱས་པ། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་བྱ་གཞག་གི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་ཐུན་མོང་ཐོག་རྒྱང་ལྟ་བྱས་པ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་འཆར་གཞི་གསར་པ་ཐུན་མོང་ཐོག་ཇུས་འགོད་བྱས་པ་བཅས་བྱས་ཡོད། ཚོགས་འདུ་གྲོལ་རྗེས་ལྗོངས་ཏང་ཨུད་ཀྱིས《དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་བསམ་ཕྱོགས་གསལ་བཟོ་དང་། བྱ་ཐབས་ཞིབ་ཕྲ་བཟོ་བ། གཞི་འཛིན་ས་མཁོ་འདོན་བཅས་བྱས་ཡོད།

ལོ་གཅིག་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དད་སེམས་བརྟན་ཞིང་ལྷག་བསམ་རྣམ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཐོག་ནས་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་ལེགས་བཅོས་ཟམ་མི་ཆད་པ་བྱས་ཏེ“དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། སྲིད་སྐྱོང་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པའི”བསམ་གཞི་གསར་པ་དང་བླང་བྱ་གསར་པ་ལག་ལེན་ཧུར་ཐག་བསྟར་བ་མ་ཟད། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ཏེ་རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་བཏོད་ཡོད།

(པར་ངོས་གཉིས་པར་གཟིགས)

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

(པར་ངོས་དང་པོར་མཐུད)

(གཅིག) ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་བསྒྱུར་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་། དེ་བཞིན་རང་ལྗོངས་ཀྱི“ལག་བསྟར་བསམ་འཆར”གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་། དེ་བཞིན་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ། རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཡོངས་ཀྱི་ནང་ཁྱབ་པར་བྱས་ནས་ལྗོངས་ཏང་ཨུད་ཀྱི་ལས་དོན་གང་དུ་སྤེལ་བ་ཡིན་ན་སྲིད་གྲོས་ཀྱིས་དེའི་ཕྱོགས་སུ་འགན་འཁྲི་སྒྲུབ་ཐུབ་པ་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་ཏན་ཏིག་འགྱུར་བ་བྱས་ཡོད།

ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་བླང་བྱ་མངོན་གསལ་དོད་པོས་དོན་འཁྱོལ་བྱས་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྣམ་འགྱུར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་མངོན་པ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས། ལྗོངས་ཏང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་ཚད་མཐོའི་རང་རྟོགས་ལ་བརྟེན་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ཞིབ་བསྡུར་བྱེད་སྒོའི་གྲུབ་འབྲས་མངོན་གསལ་དོད་རིགས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཕུགས་བསམ་དད་འདུན་བརྟན་དུ་བཏང་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ། ཆ་འཕྲིན་ཅན་གྱི་བྱེད་ཐབས་གསར་གཏོད་ལ་བརྟེན་ནས་ཆེད་དོན་སྒྲོག་འགྲེལ་ཐེངས་8སྤེལ་བའི་ཞིབ་ཕྲའི་བྱ་སྤྱོད་ཐོག་ནས་རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་བསམ་བློ་དེར་གནས་པ་དང་བློ་གྲོས་དེར་འདོན་ཐུབ་པ་བྱས་ཡོད། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། ལོ་ཧྲིལ་པོར་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་ཞུ་ཐེངས་5ཕུལ་བ་དང་། བྱེད་སྒོ་གལ་ཆེན་དང་། ལས་དོན་གལ་ཆེན། གཙོ་གནད་བརྟག་ཞིབ་སོགས་དགོངས་སྐོར་སྙན་ཞུ་36ཕུལ་བ་དང་། རང་འགུལ་ངང་བོད་ལྗོངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུར་དམིགས་ནས་གཟིགས་ཞིབ་དང་བརྟག་ཞིབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར་སྲིད་གྲོས་ཀྱི་ཞན་ཆའི་གནད་དོན་བསལ་ཡོད།

ཆབ་སྲིད་འཛུགས་སྐྱོང་གིས་སྲིད་གྲོས་ཀྱི་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་འོག ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལམ་ལུགས་འཛུགས་སྐྱོང་དེའི་ནང་དུ་ཁྱབ་པར་བྱས་པས། ཏང་གི་འགོ་ཁྲིད་དང་། ཏང་གི་ལས་དོན། ཏང་གི་རྩ་འཛུགས་བཅས་སྲིད་གྲོས་ཀྱི་ལས་དོན་ནང་ཡོངས་སུ་ཁྱབ་པར་བྱས་ཡོད། སྲིད་གྲོས་ཀྱི་ཏང་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཆེད་དོན་ཨུ་ཡོན་ལྷན་ཁང་7གྱི་ཡན་ལག་ཏང་ཙུའུ་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ལས་ཁུངས་ཀྱི་ཏང་ཀྲི་པུའུ་15ལེགས་སྒྲིག་བྱས་ཤིང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་གཙོ་བོར་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་གཞི་རྟེན་དུ་བྱས་ནས་རིགས་ཁོངས་ཨུ་ཡོན་གྱི་ཁྲོད་དུ་ཏང་གི་ལས་དོན་སྤེལ་བ་དང་། སྲིད་གྲོས་ཚང་འཛོམས་ཚོགས་འདུ་དང་གཟིགས་ཞིབ་བརྟག་ཞིབ་རྟོག་ཞིབ་སོགས་ཀྱི་འགན་སྒྲུབ་བྱེད་སྒོ་སྤེལ་རིང་གནས་སྐབས་ཏང་ཨུད་དམ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཡོད། 《ཏང་ཡོན་ཨུ་ཡོན་གྱི་རྩ་འཛུགས་འབྲེལ་བ་ཕྱོགས་གཅིག་གི་ཁོངས་སུ་གཏོགས་པ་དང་། རྩ་འཛུགས་ཀྱི་འཚོ་བ་ཉིས་བརྩེགས་ནང་ཞུགས་ཐབས》དང《ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་བསམ་འཆར》སོགས་ལམ་ལུགས་གཏན་འབེབས་བྱས་པ་དང་། རང་འགུལ་ངང་ཏང་ཕྱིའི་ཨུ་ཡོན་གྱི་བསམ་ཚུལ་ཉན་པ་དང་། ལྟ་ཚུལ་བརྗེ་རེས། བསམ་བློ་སྤེལ་རེས། དོགས་གནད་གསལ་འགྲེལ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ཡོད།

སྤུས་འབྲས་ལེགས་སུ་གཏོང་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། རང་རྟོགས་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་འོག་འགན་འཁྲི་སྒྲུབ་ནུས་དང་ལག་ལེན་གྱི་ཕན་འབྲས་མངོན་པ་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐའ་འཁྱོངས་བྱ་རྒྱུ་ནས་འགོ་བརྩམས་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དམངས་འཚོ་ལེགས་བཅོས། མི་སེམས་གཅིག་སྒྲིལ་བཅས་ཀྱི་ལས་ཀའི་སྤྱི་ཡོངས་ནས་འགོ་བརྩམས་པ། བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་འགན་འཁྲི་ལག་བསྟར་བྱ་རྒྱུ་ནས་འགོ་བརྩམས་པ་བཅས་བྱས་ཏེ། གོང་འཕེལ་ནི་དོན་ཆེན་ཨང་དང་པོ་དང་། དམངས་འཚོ་ནི་ཁྲིད་ཕྱོགས་ཨང་དང་པོ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ། སྐྱེ་ཁམས་ནི་དམར་ཐིག་ཨང་དང་པོ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་པ། བབ་བསྟུན་རྒྱུན་ལྡན་གྱི་གྲོས་མོལ་སྲིད་གླེང་བྱེད་སྒོའི་ཁྲོད་ནས་ཨུ་ཡོན་གྱི་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་བ་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་མཐོ་རུ་བཏང་བ་དང་། སྲིད་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་འདོན་པའི་ཕན་འབྲས་དངོས་ཆེ་རུ་བཏང་ཡོད། ས་ཁུལ་དང་གྲོང་ཁྱེར། རྫོང(ཆུས)བཅས་ཀྱི་སྲིད་གྲོས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་སྲིད་གྲོས་ཀྱི་དྲུང་ཆེའི་ལས་དོན་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་། ལས་ཀའི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་པ། འཁོར་སྐྱོད་ལམ་སྲོལ་ལེགས་སུ་བཏང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན“བསམ་ཇུས་གཅིག”ཡིན་པ་བྱུང་ཡོད། སེམས་ནུས་གཅིག་སྒྲིལ་གྱི་འཐབ་ས་དང་པོ་དང་། ཐབས་ཇུས་བློ་འདྲིའི་འཐབ་ས་དང་པོ། གྲོས་མོལ་དམངས་གཙོའི་འཐབ་ས་དང་པོ། རྒྱལ་ཁབ་བཅོས་སྐྱོང་གི་འཐབ་ས་དང་པོ་བཅས་ལ་གཞི་ཚུགས་ནས“འཐབ་ས་དང་པོའི”འདུ་ཤེས་བརྟན་པོ་བཅངས་པ་དང་། “འཐབ་ས་དང་པོའི”སྙིང་སྟོབས་སྐྱེད་སྲིང་བྱས་པ། “འཐབ་ས་དང་པོའི”བརྩོན་ཤུགས་བཏོན་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་བ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་གི་གྲུབ་འབྲས་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་རེད།

(གཉིས)རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱུན་གཏན་རང་བཞིན་གྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག བསམ་བློ་དང་། ཆབ་སྲིད། རིན་ཐང་། དགོངས་པ་བཅས་ཀྱིས་ཁྲིད་སྟོན་བྱ་རྒྱུ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རང་བཞིན་གྱི་བླང་བྱ་ནན་པོ་བསྲུངས་ནས་ཆབ་སྲིད་ཀྱི་རྣམ་འགྱུར་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། སྲུང་སྐྱོང་བྱེད་ནུས། སྲུང་སྐྱོང་བྱས་འབྲས་བཅས་ཀྱི་ཐོག“སྲུང་སྐྱོང་གཉིས”ལག་ལེན་བྱ་རྒྱུ་མངོན་ཐུབ་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་སེམས་དང་། བློ་ཁ། བྱ་སྤྱོད་བཅས་ཏང་དང་གཅིག་མཐུན་ཡོང་བ་བྱས་ཡོད།

རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་ཆབ་སྲིད་ཐད་བློ་ཁ་གཅིག་མཐུན་ཡོང་བ་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་ཐོག་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཚན་རིག་དང་མཐུན་པའི་གོ་དོན་དང་། ངོ་བོའི་ཁྱད་ཆོས། མངོན་ཆེའི་ལེགས་ཆ་བཅས་ཁོང་དུ་གཏིང་ཟབ་ཆུད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བའི་གལ་ཆེའི་དོན་སྙིང་དང་། སྤྱི་ཡོངས་ཀྱི་བླང་བྱ། སྤྱི་ཡོངས་ཀྱི་དམིགས་ཚད། གཙོ་གནད་ལས་འགན། རྩ་བའི་འགན་ལེན་བཅས་ཁོང་དུ་ཆུད་པ། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ནང་གནས་འབྲེལ་བ་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་གཏན་འཁེལ་ཁ་གསལ་བྱས་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཡིན་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཐོག མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་ནང་ཞུགས་པའི་ཕན་ནུས་ལ་འགྱུར་ཐུབ་པ་བྱས་ཡོད། ལོ་གཅིག་རིང་། སྲིད་གྲོས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཐེངས་13དང་། ཀྲུའུ་ཞི་ལྷན་ཚོགས་ཀྱི་གཅིག་སྡུད་སློབ་སྦྱོང་ཐེངས་8 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གཅིག་སྡུད་སློབ་སྦྱོང་ཐེངས་5 ཆེད་དོན་ཨུ་ལྷན་གྱི་སློབ་སྦྱོང་ཐེངས་187 རིགས་ཁོངས་ཨུ་ཡོན་གྱི་སློབ་སྦྱོང་དང་བཞུགས་མོལ་ཐེངས་15 ཟུར་ཁྲིད་དང་འཆད་ཁྲིད་ཐེངས་8བཅས་གཉེར་ཡོད་པས། ངོས་འཛིན་གོང་མཐོར་དང་། བསམ་བློ་ཡར་རྒྱས། བྱ་སྤྱོད་ཐོག་བློ་རྩ་བརྟན་པོ་བཅས་བྱུང་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ་བྱས་ཡོད། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“མཉམ་ལས་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པར། མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་ཐོག ཏང་ཕྱི་ནང་གཉིས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་མཉམ་དུ་སྐུལ་སྤེལ་དང་མཉམ་དུ་མཐོར་འདེགས་བྱུང་ཡོད། སྲིད་གྲོས་ཏང་ཙུའུ་ཡིས་དུས་ཐོག་ཏུ་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ནན་ཏན་ངང་ལས་ཀའི་ཇུས་གཞི་བཟོས་ཤིང་། ལས་ཁུངས་ཏང་རྩ་འཛུགས་དང་ཏང་ཡོན་226(དེའི་ནང་རྒན་ཡོལ་ཞུས་པའི་ཏང་ཡོན་72ཚུད)སྒྲིག་འཛུགས་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཅིག་སྡུད་ཐོག་སྤེལ་བར། སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པའི་འགན་འཁྲིའི་འདུ་ཤེས་སྲ་བརྟན་དུ་སོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་སྔར་བས་གཏིང་ཟབ་ཏུ་སོང་བ། བཅོས་སྒྲིག་བྱེད་ཕྱོགས་སྔར་བས་ཁ་གསལ་དུ་སོང་བ། འགན་སྒྲུབ་ཀྱི་ཕན་འབྲས་དངོས་སྔར་བས་མངོན་གསལ་དོད་དུ་སོང་བ། ལས་ཀའི་སྤྱོད་ཚུལ་སྔར་བས་ཏན་ཏིག་ཏུ་སོང་བ་བཅས་བྱུང་ཡོད། ཚོགས་ཞུགས་ཏང་ཕྱིའི་ཨུ་ཡོན་དང་ཏང་ཕྱིའི་ལས་བྱེད་པ་24སྒྲིག་འཛུགས་བྱས་ཏེ“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར། མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་བསམ་བློ་གསར་པ་དང་གཞུང་ལུགས་གསར་པ། ཏང་གི་ཐབས་ཇུས་བཀོད་སྒྲིག་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་སྤེལ་རྒྱུ་དང་། མི་སེམས་སུ་ཟུག་པ་བྱ་རྒྱུ། དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་བཅས་ལ་སྐུལ་སྤེལ་བཏང་བ་དང་། རྒྱལ་གཅེས་ཏང་གཅེས་ཀྱི་བརྩེ་སེམས་དང་དངོས་སྦྱོང་དངོས་རྟོགས་ཀྱི་ངར་ཤུགས། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཤུགས་ཆེར་བཏང་ཡོད།

སློབ་སྦྱོང་སྒྲོག་འགྲེལ་དམ་འཛིན་ཡག་པོ་བྱས་ཏེ་ཡིད་ཆེས་དང་སེམས་ཤུགས་བརྟན་དུ་བཏང་ཡོད། ཐེངས་དང་པོའི་བརྙན་འཕྲིན་ཚོགས་འདུའི་ཐོག་ནས“རིམ་བཞིའི”སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བློ་མཐུན་ཧྥན་ལི་ཀང་གིས་གནང་བའི་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་སྦྱང་སྙན་སྒྲོན་ཉན་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྒྲོག་འགྲེལ་ཚོགས་པ་ཐོག་མ་དེ་བཙུགས་ནས་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་3གྱིས་རུ་སྣེ་ཁྲིད་དེ་ས་གནས་གྲོང་ཁྱེར་ཁག་7ལ་བསྐྱོད་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་བརྟེན། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། རྒྱུན་རྣམ་ཅན་དང་ཡུན་རིང་ཅན་གྱི་སློབ་སྦྱོང་སྒྲོག་འགྲེལ་ལམ་སྲོལ་ཞིག་ཆགས་ཐུབ་ནས་ཆེས་གཞི་རིམ་དུ་ཡོད་པའི་སྲིད་གྲོས་ཨུ་ཡོན་རྣམ་པས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གལ་ཆེའི་ཚོགས་འདུའི་དགོངས་དོན་འཕྲལ་མར་སློབ་སྦྱོང་ཐུབ་པ་དང་ཁོང་དུ་ཆུད་ཐུབ་པ་བྱས་ཡོད།

(གསུམ)འགན་སྒྲུབ་ཀྱི་ལག་ལེན་གསར་གཏོད་ཀྱིས་བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་བྱ་རྒྱུ་དང་སེམས་ནུས་གཅིག་ཏུ་སྒྲིལ་རྒྱུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་མཐར་ཕྱིན་བྱས་པ་དང“བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་དམིགས་བསལ་རང་བཞིན་ལྡན་ཡོད”པའི་སྐོར་གྱི་ཀྲུའུ་ཞི་དབང་དབྱང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཨུ་ཡོན་གྲུབ་ཚུལ་དང་། ལས་ཀ་བྱ་ཡུལ། ལས་ཀའི་ལས་འགན། ལས་ཀའི་གཙོ་གནད། རྩ་འཛུགས་འགན་སྲུང་བཅས་ཐད་ཀྱི་བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཤིང་། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ནི་བོད་ཀྱི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཟུང་བའི་དམིགས་བསལ་འཐབ་ཇུས་ཀྱི་གནས་བབ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས། དེ་བཞིན་བོད་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་གྱི་དམིགས་བསལ་རང་བཞིན་བཅས་ཀྱིས་ཐག་བཅད་པ་ཡིན་ལ། དུས་མཚུངས་སུ་བོད་ལྗོངས་སྲིད་གྲོས་ཀྱི་ལེགས་ཆ་གནས་ས་ཡང་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་འགན་འཁུར་ཕོད་པ་དང་རང་འགུལ་ངང་ལས་སྒྲུབ་བྱས་ཏེ། མི་དེ་བས་མང་བ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཡོད།

སྲིད་གྲོས་ཀྱི་མཉམ་འགུལ་འགན་སྒྲུབ་མ་ལག་ལ་བརྟེན་ནས་བསམ་བློའི་ཁྲིད་སྟོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྣམ་པས་མཉམ་འགུལ་འགན་སྒྲུབ་བྱེད་པའི་ཁྲོད་ཁྱབ་ཐུབ་པ་བྱས་པ་མ་ཟད། གོང་འོག་མཐུན་སྦྱོར་དང་མཉམ་འཛིན་སྤྱི་སྒྲུབ་བྱེད་པའི་ཁྲོད་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྡུད་ཡོང་བ་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྲིད་གྲོས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཀྲུའུ་ཞི་གཞོན་པ8ཀྱིས་རུ་སྣེ་ཁྲིད་དེ་གལ་ཆེའི་དུས་མཚམས་དང་། འཚུབ་ཆ་ཆེ་བའི་དུས། དེ་བཞིན་གལ་ཆེའི་ཁྱབ་ཁོངས་བཅས་སུ་བརྟན་ལྷིང་སྲུང་སྐྱོང་ཐད་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་དོན་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་དུ་བྱེད་སྒོ་སྤེལ་བར་མཐུན་སྦྱོར་ཞབས་ཞུ་བྱེད་འགན་འཁུར་ཡོད། ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་རྒྱ་ཁྱབ་ངང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ་མ་ཟད། གོང་འཕེལ་གསར་པ་དང་། འགྱུར་ལྡོག་གསར་པ། རང་ངོས་ཀྱི་དཔེ་བཟང་བྱ་སྤྱོད་བཅས་ལ་བརྟེན་ནས་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་། ཚེ་འདིར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་དང་། རྒྱ་ཆེའི་གྲྭ་བཙུན་དང་ཆོས་དད་མང་ཚོགས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་དང་རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

སྲིད་གྲོས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་ཐབས་ལམ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་ལ་གོ་རིམ་ལྡན་ཞིང་ནུས་པ་ལྡན་པའི་ཞབས་ཞུ་བསྒྲུབས་པ་མ་ཟད། ཀྲུང་གོའི་གཏམ་རྒྱུད་དང་། བོད་ལྗོངས་ཀྱི་གཏམ་རྒྱུད། སྲིད་གྲོས་ཀྱི་གཏམ་རྒྱུད་བཅས་ཡག་པོ་ཤོད་རྒྱུ་དེ་འགན་སྒྲུབ་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་། རང་འགུལ་ངང་ཁ་གསངས་ཏེ་མཛའ་མཐུན་གླེང་བ་དང་། དོན་དངོས་གསལ་བཤད་བྱེད་པ། དྲང་ནུས་གཅིག་ཏུ་འདུ་བ་བཅས་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་བྱེད་སྒོ་སྤེལ་ཁོངས་སྔར་བས་བཙིར་གནོན་བྱས་ཡོད། མི་7ཚོགས་སྒྲིག་གམ་ཡང་ན་ཚོགས་ཞུགས་ཀྱིས་འཇར་མན་དང་། སེབ་རུ་སི། མར་ཐ། ཝེ་ཐེ་ནམ། ལོ་སི་སོགས་རྒྱལ་ཁབ་ལ་རིག་གཞུང་སྤེལ་རེས་དང་མཛའ་མཐུན་འཚམས་འདྲི་བྱེད་པར་བསྐྱོད་ཡོད། ནེ་པ་ལའི་གྲོས་ཚོགས་ཀྱི་གྲོས་མི་དང་། དེ་བཞིན་རིགས་གཅིག་མཁས་དབང་གི་མཛའ་གྲོགས་སྐུ་ཚབ་ཚོགས་པ་བོད་དུ་འཚམས་འདྲིར་ཐེངས་དང་པོ་གདན་ཞུ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་དྲིལ་བསྒྲགས་ཧུར་ཐག་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱལ་ཕྱིའི་ཟུར་ཞུགས་སྤུན་ཟླ་ཕྱིར་ལོག་རྟོག་ཞིབ་ཚོགས་པའི་བརྟག་ཞིབ་ཚོགས་ཆུང་ལ་སྣེ་ལེན་ཞུས་ཏེ། ཁོང་ཚོར་ཁེ་ལས་སུ་གཟིགས་ཞིབ་དང་ཞིང་ཁྱིམ་དུ་འཚམས་འདྲི་གནང་རྒྱུར་བཀོད་སྒྲིག་བྱས་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མྱོང་ཐུབ་པ་བྱུང་ཡོད།

སྲིད་གྲོས་ཀྱི་བརྟག་ཞིབ་འགན་སྒྲུབ་བྱེད་སྟངས་ལ་བརྟེན་ནས་བསམ་བློའི་ཁྲིད་སྟོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་ཨུ་ཡོན་རྣམ་པའི་བརྟག་ཞིབ་དང་། རྟོག་ཞིབ། གཟིགས་ཞིབ་སོགས་ཀྱི་ལས་དོན་ཁྲོད་ཁྱབ་ཐུབ་པ་བྱས་པ་མ་ཟད། སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་སེལ་བ། བློ་ཁ་མཐུན་སྦྱོར། བསམ་འཆར་ཉན་ལེན་བཅས་བྱེད་པའི་ཁྲོད་སེམས་ནུས་གཅིག་ཏུ་སྒྲིལ་ཡོད། ལོ་ཧྲིལ་པོར་ཏང་གི་གཞུང་ལུགས་གསར་གཏོད་དང་སྲིད་ཇུས་སྒྲོག་སྦྱང་ཐེངས་30ལྷག་ཙམ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། ཁྲིམས་ལུགས་དྲིལ་བསྒྲགས་བཅས་སློབ་གསོ་ཐེངས་10ལྷག་ཙམ་སྤེལ་བས་མང་ཚོགས་མི་ཐེངས་13000ལྷག་ཙམ་ལ་ཐད་ཀར་སློབ་གསོ་ཐོབ་ཡོད། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་100ལྷག་ཙམ་རྒྱ་ཁྱབ་ངང་ཉན་ལེན་བྱས་པ་མ་ཟད། བསྡུ་རུབ་ལེགས་སྒྲིག་བྱས་ནས་གནད་དོན་ཁག་28མཐུན་སྦྱོར་ཐག་གཅོད་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》བཟོ་རྒྱུར་དམིགས་ཏེ། ཁྲིམས་ལུགས་ལས་ཀ་བྱེད་མཁན་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་ཁག་62བསྡུ་ལེན་བྱས་པས་ཁྲིམས་བཟོའི་ཐད་ཀྱི་གྲོས་མོལ་ཐེངས་དང་པོ་བྱེད་ཐུབ་པ་བྱུང་ཡོད།

རྟེན་འབྲེལ་དང་མཐུན་སྒྲིལ་མཛའ་འབྲེལ་གྱི་བྱེད་སྒོར་བརྟེན་ནས་བསམ་བློའི་ཁྲིད་སྟོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བྱེད་སྒོ་དང་ཨུ་ཡོན་རྣམ་པར་ལྟ་རྟོག་དང་། འཚམས་འདྲི། བཞུགས་མོལ། ཇ་གསེང་གླེང་མོལ། མཛའ་འབྲེལ་བྱེད་སྒོ་བཅས་ཀྱི་ཁྲོད་ཁྱབ་ཐུབ་པ་བྱས་པར། ཕྱོགས་གང་ཅིའི་ཐད་ཀྱི་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། ཏང་ཕྱིའི་ཨུ་ཡོན་དང་ལས་བྲལ་རྒན་ཡོལ་ཞུས་པའི་བློ་མཐུན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་ལ། ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་ཇ་སྟོན་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་ཡིག་རིས་འགྲེམས་ཚོགས་གཉེར་བ། དེ་བཞིན་ལེའུ་གསུམ་ཡོད་པའི་ཚད་ལྡན་དངོས་པར་བརྙན་ཕབ《སྐྱིད་སྡུག་མཉམ་མྱོང་གི་ལོ་ངོ་60》ཞེས་པ་དེ་བཟོ་སྟོན་བྱས་ནས་2019ལོའི་ཟླ་12ཚེས་20ཉིན་ནས་22བར་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་ཐོག་བསྟན་པ། མུ་འབྲེལ་དཔེ་དེབ་རྩོམ་སྒྲིག་དཔེ་སྐྲུན་བྱས་པ། མིང་འགོད་རྩོམ་ཡིག་དང་གཞུང་ལུགས་རྩོམ་ཡིག་ཁག་བཅུ་ཙམ་པར་འགྲེམས་བྱས་པ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་གྲུབ་འབྲས་ཆེན་པོ་གང་ལེགས་མངོན་པར་བྱས་པ་དང་། རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དང་གསོན་ཤུགས་མངོན་ཐུབ་ནས་ཆབ་སྲིད་དང་། སྤྱི་ཚོགས། གླེང་ཕྱོགས། ལག་ལེན་བཅས་ཀྱི་ཐད་ལ་ཕན་འབྲས་བཟང་པོ་ཐོན་ཡོད།

(བཞི) འགན་སྒྲུབ་ཀྱི་ཕན་འབྲས་དོན་གཉེར་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“དོན་དག་ཡོད་ན་གྲོས་བསྡུར་བྱེད་ཆོག་པ་དང་ཚང་མའི་དོན་དག་ཚང་མས་གྲོས་བསྡུར་བྱེད་པའི”འདུ་ཤེས་ལག་ལེན་ཡག་པོ་བྱེད་པ་དང་། དུས་རབས་གསར་པའི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ཕྱོགས་དང་ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ་བྱས་ནས་བོད་ལྗོངས་ཀྱི་གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་སྤྱི་ཡོངས་འཐབ་ཇུས་ལ་ཞབས་ཞུ་བསྒྲུབས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་དབུ་ཁྲིད་ཀྱིས་སྔ་རྗེས་སུ་བཀའ་མཆན་མཛུབ་སྟོན་ཐེངས་མང་གནང་བས་འགན་འཁྲི་སྒྲུབ་པའི་འབྲས་བུ་དོན་སྨིན་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་དམིགས་ཏེ་ཇི་ལྟར་བྱས་ནས“ཆོས་ལུགས་ལས་དོན་ལ‘ཁྲིད་སྟོན’ཡག་པོ་བྱ་རྒྱུ”གཙོ་དོན་བྱས་ཏེ་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་འཚོགས་བྱས་ཡོད། དུས་འགོར་ཀྲུའུ་ཞི་གཞོན་པ8ཀྱིས་རུ་སྣེ་ཁྲིད་དེ་ས་གནས་དང་གྲོང་ཁྱེར་ཁག་ལ་ཆེད་དོན་བརྟག་ཞིབ་བྱས་པ་མ་ཟད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། བསྐྱར་དུ་བརྟག་ཞིབ་ཚོགས་ཆུང་5བཙུགས་ནས་ས་གནས་དང་གྲོང་ཁྱེར་ཁག་གཅིག་ལ་བསྐྱོད་དེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་སོགས་ཀྱི་ནང་དོན་ཁག་10ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་སྲིད་གླེང་དང་གྲོས་མོལ་གཏིང་ཟབ་བྱས་ནས་བརྟག་ཞིབ་སྙན་ཞུ་ཁག་9དང་ཚོགས་ཆེན་གྱི་གཏམ་བཤད་ཁག་19གྲུབ་ཡོད་ལ། བསམ་འཆར་དང་གྲོས་འགོ་ཁག་13ཐད་ཀྱི་དོན་ཚན་120བཏོན་ཡོད།

(པར་ངོས་གསུམ་པར་གཟིགས)