《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

རྩྭ་ཐང་གི་དཔལ་འབྱོར་སྤུས་རྟགས་ གཏོད་དགོས།

རང་ལྗོངས་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་70%ཡན་བཟུང་བས། རྩྭ་ཐང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། སྨྱུག་འཛིན་པས་ངོས་འཛིན་བྱས་དོན། རྩྭ་ཐང་གི་དཔལ་འབྱོར་གློ་བུར་དུ་འཕེལ་རྒྱས་འགྲོ་བའི་དེང་གི་དུས་འདིར། རང་ལྗོངས་ཀྱིས་རྩྭ་ཐང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དང་ཐོག་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་འདུ་ཤེས་ལྡན་དགོས། རྩྭ་ཐང་འགན་གཙང་རྒྱ་ཁྱོན་ཅུང་ཆེ་བའི་ཁྱིམ་ཚང་འབྲོག་ར་དང་། གསོ་ཚགས་དུད་ཆེན། རྩྭ་ཕྱུགས་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པར་རྒྱབ་སྐྱོར་བྱས་ནས་གྲོང་གཅིག་མའི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་མེད་པར་བཟོས་ཏེ། ཁྱིམ་ཚང་གི་དཔལ་འབྱོར་ཁེ་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཞིང་འབྲོག་པ་སྣེ་ཁྲིད་ཀྱིས་སྲོལ་རྒྱུན་གྱི་རགས་ལས་རྣམ་པའི་གཉེར་སྐྱོང་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན་བཅས་ཀྱི་དེང་རབས་གཉེར་སྐྱོང་དུ་འགྱུར་བར་བྱེད་དགོས།

དེ་རྗེས་ས་ཁོངས་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་དགོས། དམིགས་བསལ་ཁྱད་ཆོས་ལྡན་པའི་ལྗོངས་བབ་ཀྱི་ཁྱད་ཆོས་དང་རང་བྱུང་ཁོར་ཡུག་གིས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་རྫས་འཕེལ་རྒྱས་ལ་ལྗང་མདོག་དང་སྐྱེ་ལྡན་གྱི་རྨང་གཞི་བཏིང་ཡོད། ང་ཚོས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལེགས་ཆར་གཞིས་ཚུགས་ནས་ས་མཐོའི་ཁྱད་ལྡན་འབྲོག་ལས་དང་དཀར་ཆུའི་ལས་རིགས་ཀྱི་ཐོན་རྫས་ལས་སྣོན་གཏིང་ཟབ་བྱས་ནས་ཁྱབ་ཁོངས་གཅིག་པའི་ཐོན་རྫས་རྩེར་སོན་འཕེལ་རྒྱས་གཏོང་བ་དང་། རང་ལྗོངས་ཀྱི་འབྲོག་ལས་ཐོན་རྫས་ཀྱི་སྤུས་རྟགས་ལེགས་སུ་ཤུགས་ཆེན་གཏོང་བ། རང་ལྗོངས་ཀྱི་སྦགས་བཙོག་མེད་པའི་ལྗང་མདོག་དང་ས་བབ་ཧ་ཅང་མཐོ་བའི་ས་ཁོངས་ཀྱི་མཚོ་བོད་ས་མཐོའི་ཐོན་རྫས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་ལེགས་ཆའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བཅས་བྱས་ཏེ་མི་སེམས་ལ་ཟུག་པའི་ས་ཁོངས་ཀྱི་སྤུས་རྟགས་གཏོད་དགོས།

མཇུག་ཏུ་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཆ་འཕྲིན་དང་དེ་བཞིན“དྲ་སྦྲེལ+”སོགས་སྔོན་ཐོན་ལག་རྩལ་དང་ལས་སྒོ་གང་ལེགས་སྤྱད་དེ་མཉམ་ལས་ཁང་དང་། ལས་རིགས་མཐུན་ཚོགས། འབྲོག་པའི་གསར་གཏོད་དྲ་སྦྲེལ་ཁང་བཅས་ལ་ལྕག་སྐུལ་དང་རོགས་རམ་བྱེད་པ་དང་། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་མང་པོ་སྤྱད་དེ་དབྱར་རྩྭ་དགུན་འབུ་དང་འབྲོག་ལས་ཐོན་རྫས། དེ་བཞིན་ལག་ཤེས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱས་ནས་སྲོལ་རྒྱུན་གྱི་རྣམ་པ་ཕུད། ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་དྲ་ཐོག་དང་དྲ་ཕྱི། དྲ་ཐོག་དང་གདོས་བཅས་ཚོང་ཁང་གཞི་གཅིག་ཅན་དུས་མཚུངས་སུ་འཕེལ་རྒྱས་གཏོང་བའི་ཕྱིར་ཚོང་གི་རྣམ་པ་གསར་པ་ཆགས་ནས་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། (བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)