《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

འབྲས་ཤིང་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།

—— མཱ་ཐེན་ཝེ་དང་ཁོང་གི“བོད་རྒྱའི་བརྩེ་སེམས་ལྡུམ་ར”

མཱ་ཐེན་ཝེ་དང་བོད་ཀྱི་ལས་འགྲོའི་སྐོར་བརྗོད་ཚེ། དེ་ནི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་རེད།

“2000ལོར་ང་ངོ་མཚར་ཆེ་བའི་ས་གཞི་དེར་ཐོག་མར་ཡོང་བ་ཡིན། དེ་ནས་བཟུང་ཡུལ་དེས་ངའི་ཡིད་དབང་རྦད་དེ་འཕྲོག་སོང་། ས་མཐོའི་མཁའ་རླུང་དང་། མཚོ། དྲོ་སྐྱིད་ལྡན་པའི་ཉི་འོད་བཅས་ཚང་མས་ང་རང་ཕ་ཡུལ་དུ་སླེབས་པའི་སྣང་བ་ཞིག་སྦྱིན་བྱུང་། སྐབས་དེ་དུས་ང་དང་བོད་དབར་ལས་འཕྲོའི་མདུད་པ་ཐེབས་པ་ཚོར་བྱུང་”བོད་དུ་ཐོག་མར་སླེབས་སྐབས་མཱ་ཐེན་ཝེ་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

དེ་ནས་ལོ་གཉིས་སོང་རྗེས་མཱ་ཐེན་ཝེ་སླར་ཡང་བོད་དུ་ཡོང་སྟེ་ཉིང་ཁྲིའི་སྣང་རྫོང་གི་ཡུལ་ཟོག་གི་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་ལམ་བར་དུ་རི་ཉིལ་བའི་གནས་ཚུལ་འཕྲད། “ཕྱིར་ལོག་པའི་ལམ་འགག་པ་དང་ལག་ཐོགས་ཁ་པར་ལ་བརྡ་རྟགས་མེད་པའི་དབང་གིས་ཉིན་མཚན་གཅིག་རི་ཁུག་ཏུ་ལུས་བྱུང་། སྟབས་ལེགས་པ་ཞིག་ལ་བོད་རིགས་སེམས་བཟང་ཅན་ཞིག་རི་ལ་ཤ་མོ་འཐུ་བར་ཡོང་སྐབས་ང་ཚོ་དང་འཕྲད་པས་ཁོང་གིས་ང་ཚོའི་སྲོག་སྐྱབས་བྱུང”ཞེས་མཱ་ཐེན་ཝེ་ཡིས་དྲན་གསོ་བྱེད་བཞིན་ང་ཚོར་བཤད། དེ་རྗེས་ཁོང་བོད་རིགས་མང་ཚོགས་དེའི་ཁྱིམ་དུ་གཟའ་འཁོར་གཅིག་ཏག་ཏག་བསྡད་པ་རེད

བོད་ལ་རྒྱུས་མངའ་ཇེ་ཟབ་ཏུ་ཕྱིན་པ་དང་སྦྲགས། 2005ལོར་མཱ་ཐེན་ཝེ་ཡིས་བོད་དུ་འབྲས་ཤིང་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སེམས་ཐག་བཅད་པ་དང་འབྲེལ། བོད་རིགས་སྤུན་ཟླའི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོ་ཆགས་ཐབས་བྱས་ཡོད།

ལོ་6ཚོད་འདེབས་བྱས་པ་བརྒྱུད། ཁོང་གིས་ས་མཐོར་ཤིང་འབྲས་འདེབས་པའི་ལག་རྩལ་ཁག་གཅིག་ཁོང་དུ་ཆུད་པ་མ་ཟད། ཀུ་ཤུ་ནག་པོ་འདེབས་འཛུགས་བྱས་ཤིང་། དེ་ནི་ས་བབ་མཐོ་སར་སྐྱེ་བདེ་བ་དང་། གྲང་འགོག་གི་ནུས་པ་ཆེ་བ། འཚོ་བཅུད་ཆེ་བ། བྲོ་བ་ལེགས་པ་བཅས་ཀྱི་སྣ་ཁ་ཞིག་ཡིན་པས། འཛམ་གླིང་ཐོག་ཕྱི་ལྤགས་ནག་པོ་ཡིན་པའི་ཀུ་ཤུ་འབའ་ཞིག་དེ་ཡིན་པ་རེད།

ཚོད་འདེབས་ལམ་ལྷོངས་བྱུང་རྗེས། མཱ་ཐེན་ཝེ་ཡིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྒྱལ་སྨད་གྲོང་ཚོའི་ས་ཞིང་མུའུ་500བོགས་མར་བླངས་ནས་ཤིང་འབྲས་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་རྟེན་གཞིའི་དེའི་མིང་ལ“བོད་རྒྱའི་བརྩེ་སེམས་ལྡུམ་ར”ཞེས་བཏགས་པ་རེད།

ད་ཆ“བོད་རྒྱའི་བརྩེ་སེམས་ལྡུམ་རར”ཤིང་འབྲས་འདེབས་པ་ཕུད། ད་དུང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། ཞིང་ལས་སྤྲོ་གསེང་ཡུལ་སྐོར། ཤིང་འབྲས་ལས་སྣོན་ཕྱིར་ཚོང་སོགས་གཉེར་སྐྱོང་བྱེད་ཀྱི་ཡོད། མིག་སྔར་འབྲས་ཤིང་རྐང་ཁྲི་2ལྷག་ཙམ་བཏབ་པ་དང་བྱ་དེ་དང་ཡཱ་ཙེ་སོགས་1000ལྷག་ཙམ་གསོ་ཚགས་བྱས་ནས་ས་གནས་དེ་གའི་ཞིང་དུད་ལ་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བཏོད་ཅིང་། རིམ་རྩིས་བྱས་ན་མི་འབོར་དབུལ་པོ་དང་ངལ་ནུས་ལྷག་མ་ཁྲི་1ལྷག་ཙམ་ཐག་གཅོད་བྱས་ནས་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བཏོད་པ་རེད།