《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བསྟན་པ་ཆོས་འཕེལ་གྱིས་གསུངས་དོན།

ཞིང་པ་ལས་མིར་གྲངས་ཚང་གི་གླ་ཆ་ ལེན་རྒྱུ་ཡོང་བ་བྱེད་དགོས།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བསྟན་པ་ཆོས་འཕེལ་གྱིས་ཨར་སྐྲུན་བཟོ་པའི་རང་མིང་འགོད་ལམ་དོ་དམ་གྱི་འབྲེལ་ཡོད་དཔྱད་གཞི་ལེགས་སྒྲིག་བྱེད་བཞིན་པ།

“ལས་ཀའི་དབང་གིས་རང་ཉིད་རྟག་ཏུ་ཨར་སྐྲུན་བཟོ་པ་དང་འབྲེལ་གཏུག་ཡོང་གི་འདུག ཁོང་ཚོ་ལས་ཀ་བྱེད་སྐབས་དཀའ་ལས་ཁག་པོ་ཡོད་པའི་གནས་ཚུལ་མང་དག་ཅིག་མཐོང་བྱུང་ལ་དེའི་དཔང་པོ་ཡང་བྱེད་ཐུབ། དེར་བརྟེན། རང་ཉིད་ཀྱིས་ཁོང་ཚོའི་གླ་ཆའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྟག་ཏུ་ཁོང་ཚོར་དངུལ་རག་ནས་ཁྱིམ་དུ་ལོ་གསར་གཏོང་བར་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཞིང་པ་ལས་མིའི་གླ་ཆར་དོ་ཁུར་བྱེད་པའི་གནས་ཚུལ་སྐོར་འདྲི་སྐབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུཌ་སྐྲུན་ཅུས་འཛུཌ་སྐྲུན་དོ་དམ་ཁོའོ་ཡི་ཀྲུའུ་རེན་གཞོན་པ་བསྟན་པ་ཆོས་འཕེལ་གྱིས་དེ་ལྟར་གསུངས།

2017ལོའི་ལོ་མཇུག་ཏུ་བསྟན་པ་ཆོས་འཕེལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་དང། “མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་འགན་འཁྲི་ཞིག་ཡིན་པས། རང་ཉིད་ཀྱིས་གཞི་རིམ་དུ་བསྐྱོད་ནས་ལྟ་ཞིབ་བརྟག་ཞིབ་དང་། ཁྲིམས་སྐྱོང་དཔྱད་མོལ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། གཞི་རིམ་དུ་བསྐྱོད་ནས་མང་ཚོགས་དཀྱུས་མའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས། མང་ཚོགས་ཀྱི་འབོད་སྒྲ་རང་འགུལ་ངང་ཉན་པ་ཡིན”དུས་དེ་ནས་བཟུང་། ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་བསྟན་པ་ཆོས་འཕེལ་གྱི་ཆོད་སེམས་དེ་བས་བརྟན་དུ་སོང་ཡོད།

འདས་ཟིན་པའི་ལོ་གཅིག་ནང་ཨར་སྐྲུན་བཟོ་པའི་གླ་ཆའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་ཆེད། བསྟན་པ་ཆོས་འཕེལ་གྱིས་སྔ་རྗེས་སུ་ཆབ་མདོའི་རྫོང་(ཆུས)བཅུ་གཅིག་ཏུ་ཐེངས་བཞི་བསྐྱོད་ནས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། ས་ཆ་ཞིག་ཏུ་སླེབས་རིམ་བཞིན་ཁོང་གིས་ས་གནས་དེ་གའི་འཛུགས་སྐྲུན་ཚན་པ་དང་ཨར་སྐྲུན་ཚན་པའི་འགན་འཁུར་བ་སྐོང་བསྡུ་བྱས་ནས་ཞིང་པ་ལས་མིའི་གླ་ཆ་ག་དུས་སྤྲོད་པ་དང་དེ་བཞིན་འགྱངས་ཆད་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ནས། ཞིང་པ་ལས་མིའི་གླ་ཆའི་རེའུ་མིག་དང་ངལ་རྩོལ་གན་རྒྱ་འཇོག་པའི་གནས་ཚུལ་ལ་ལྟ་བཤེར་བྱས་ཏེ། ཁེ་ལས་ལ་ཞིང་པ་ལས་མིའི་གླ་ཆའི་དོ་དམ་ནན་དུ་གཏོང་རྒྱུའི་བླང་བྱ་འདོན་པ་མ་ཟད། ཞིང་པ་ལས་མིར་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཡོད།

བསྟན་པ་ཆོས་འཕེལ་གྱིས་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ནས་དེ་བས་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱི་མ་ལག་བཙུགས་ཏེ་གླ་ཆ་འགྱངས་ཆད་ཀྱི་ཁེ་ལས་ལ་ཆད་གཅོད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་རེ་བྱེད་ཀྱི་ཡོད།