《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

སྲིད་གཞུང་གིས་གྲོན་ཆུང་བསྲི་ཚགས་བྱས་ནས་མང་ཚོགས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།

—— མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་2020ལོའི་སྔོན་རྩིས་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

བྱ་བ་དངོས་ཧུར་ཐག་བསྒྲུབས་ནས། དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་གཏོང་རྒྱུ་ཡིན་པ།

ཟླ་1ཚེས་7ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པ་དང་། ཚོགས་འདུར་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཚེས་7དང་ཚེས་8ཉིན《བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན》ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ་རེད། འཐུས་མི་ཚོས་2020ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན(གཤམ་དུ་2020ལོའི་སྔོན་རྩིས་སྙན་སྒྲོན་ཞེས་བསྡུ་རྒྱུ)ནང་ནས“དམངས་འཚོའི་དྲོ་སྐྱིད”ཟབ་མོ་ཚོར་གྱི་འདུག་ཅེས་ཡོངས་ཁྱབ་ངང་གསུངས་པ་རེད།

“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགག་རྩ་གཞི་རིམ་ལ་ལྟ་དགོས”རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་གྱི་ལས་སྒྲུབ་པ་དང་གྲོང་ཚོ་15པའི་ཧྲུའུ་ཅི་ཨང་དང་པོ་གཅིག་ལྕོགས་ཡིན་པའི་བཀྲ་ཤིས་ཆོས་འཕེལ་ནི་ཞིང་འབྲོག་ཁུལ་ནས་ཡིན་པ་རེད། ཁོང་གིས་ཞིང་འབྲོག་ཁུལ་གྱི་འབྱོར་འབྲིང་ནི་རྒྱལ་ཁབ་ཡོངས་འབྱོར་འབྲིང་གི་འགག་རྩའི་ལྷུ་ཚིགས་ཤིག་རེད། 2020ལོའི་སྔོན་རྩིས་སྙན་སྒྲོན་ནང“ནོར་ཤུགས་གཅིག་སྡུད་དང་གཙོ་གནད་ལ་དམིགས་པའི་ཐད། ཀྲུང་དབྱང་གི་སྲིད་ཇུས་དང་གཏན་འབེབས་ཁ་གསལ་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྔོན་གཏན་འཁེལ་བའི་ལས་ཀའི་བཀོད་སྒྲིག་ཡོད་པ། མི་དམངས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་བཅས་ཀྱི་རྣམ་གྲངས་སྔོན་ལ་འགན་སྲུང་བྱེད་དགོས་པ”སོགས་བཏོན་པ་དེ་ཐོག་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཁག་ལ་དམ་འཛིན་ལྷོད་མེད་བྱས་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བའི་ཐོག་མའི་བསམ་འདུན་དང་ཆོད་སེམས་གང་ལེགས་མཚོན་པས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་སྔར་ལས་སྐྱིད་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

2020ལོའི་སྔོན་རྩིས་སྙན་སྒྲོན་ནང་སློབ་གསོ་དང་སྨན་བཅོས་ཀྱང་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་འཁོད་ཡོད། 2020ལོའི་སྔོན་རྩིས་སྙན་སྒྲོན་ནང“སློབ་གསོའི་བྱ་གཞག་གི་འགྲོ་གྲོན་སྒོར་དུང་ཕྱུར་212.4བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་10.7%འཕར་བ”དང་། “སྨན་བཅོས་འཕྲོད་བསྟེན་ལ་གཏོང་ཆ་སྒོར་དུང་ཕྱུར་32.7བཀོད་སྒྲིག་བྱ་རྒྱུ” “གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། དབྱེ་འབྱེད་སྨན་བཅོས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། གཞི་རིམ་གྱི་སྐོར་སྐྱོད་སྨན་བཅོས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ”སོགས་བཏོན་ཡོད།

སྒྱུར་བཅོས་གསར་གཏོད་ལ་སྒུལ་ཤུགས་བསྣན་ནས།

དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

2020ལོར་རང་ལྗོངས་ཀྱིས“མུ་མཐུད་ཁྲལ་རིན་གཉིས་གཅོག”ལག་བསྟར་བྱ་རྒྱུ་ཡིན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་བློ་བཟང་རྗེ་བཙུན་གྱིས་ཁྲལ་རིན་གཉིས་གཅོག་ནི་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་མཚོན་ཚུལ་ཞིག་ཡིན་པས། “གཉིས་གཏོད”ལ་ཁོར་ཡུག་གུ་ཡངས་པོ་ཞིག་མཁོ་འདོན་ཐུབ་ལ། དངོས་ཚན་དཔལ་འབྱོར་ལའང་སྐྱེ་སྟོབས་རྒྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་འགྲོ་ཐུབ་པའི་ངོས་འཛིན་གནང་བ་རེད།

གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན་པས། “ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུ”དེ་ཉིད་2020ལོའི་སྔོན་རྩིས་སྙན་སྒྲོན་ནང་གཙོ་གནད་ཐོག་གླེང་ཡོད།

གཞན་ཡང་། 2020ལོའི་སྔོན་རྩིས་སྙན་སྒྲོན་ནང“དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ”དང་། “ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱ་རྒྱུ” “མ་དངུལ་བསྡུ་སྒྲིལ་གྱི་ཉེན་ཁའི་ཁ་གསབ་ཐེབས་རྩ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱ་རྒྱུ”སོགས་ཀྱིས་ང་ཚོ་དམངས་གཉེར་ཁེ་ལས་ཀྱི་བདག་པོའི་ཡིད་ཆེས་ཆེ་རུ་ཕྱིན་ཏེ། དམངས་གཉེར་ཁེ་ལས་ཀྱིས་ཕུགས་ཀྱི་འཕེལ་རྒྱས་ཆེད་གཞོལ་བར་སྐུལ་ལྕག་ཐེབས་ཀྱི་འདུག”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་ཧུང་ཧྥ་ཨར་སྐྲུན་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས་ཉི་མས་དགའ་ཚོར་ཆེན་པོས་དེ་ལྟར་གསུངས།

ལྟ་སྐུལ་ཞིབ་བཤེར་ལ་འཆར་གཞི་ཡོད་པ་བྱས་ནས།

མ་དངུལ་རྣམས་མཁོ་ཆེ་སར་གཏོང་རྒྱུ་ཡིན་པ།

ནོར་སྲིད་ཀྱི་གཏོང་ཆའི་གྲངས་འབོར་ཧ་ཅང་ཆེ་ནའང་སྤྱོད་མཁས་བྱས་ཏེ་མ་དངུལ་ཚང་མ་མཁོ་ཆེ་སར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཐང་མིང་དབྱིང་གིས། 2020ལོའི་སྔོན་རྩིས་སྙན་སྒྲོན་ནང་ནན་བཤད་གནང་བའི“ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱ་རྒྱུར”བག་ཆགས་ཟབ་མོ་བྱུང་བ་སྟེ། “ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང‘ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱ་རྒྱུའི’དམིགས་ཚད་བཏོན་པ་དང་། 2020ལོའི་སྔོན་རྩིས་སྙན་སྒྲོན་ནང་ལས་རྗེས་ལ་དོ་དམ་བྱ་རྒྱུ་དེ་ཉིད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་སྔོན་རྩིས་བཟོ་བའི་རྩ་དོན་གལ་ཆེན་ཞིག་ལ་བརྩིས་པ་མ་ཟད། ནོར་སྲིད་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་བླང་བྱའང་བཏོན་ཡོད། བྱ་ཐབས་དེ་དག་ཞིབ་ཅིང་ཕྲ་བ་དང་། ཕན་ཐོགས་ཆེ་བ། བཀོལ་སྤྱོད་རང་བཞིན་ཆེ་བས། ལས་རྗེས་དོ་དམ་ལ་སྒྱུར་བཅོས་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་ཐེབས་ནས་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་རྒྱུ་རེད”ཅེས་གསུངས།