《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་མཇུག་སྒྲིལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

(2020ལོའི་ཟླ་1ཚེས་11ཉིན)བློ་བཟང་རྒྱལ་མཚན་གྱིས།

འཐུས་མི་རྣམ་པ།

ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་རིམ་ཁག་ཡོངས་སུ་ལེགས་འགྲུབ་ཟིན་ཞིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་སྙན་སྒྲོན་དྲུག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལ་གྲོས་ཞིབ་གནང་བ་མ་ཟད་ཚང་མས་མོས་ཤོག་ཆ་ཚང་འཕངས་ནས་གྲོས་འཆམ་བྱུང་བ། འབྲེལ་ཡོད་མི་དོན་སྐོར་གྱི་འདེམས་བསྐོ་བྱས་ནས་གྲོས་འཆམ་བྱུང་བ་བཅས་ཀྱི་ཐོག་ནས་ཏང་གི་འདོད་བཞེད་དང་མི་དམངས་ཀྱི་འདོད་འདུན་ཚད་མཐོའི་གཅིག་གྱུར་བྱུང་བ་གང་ལེགས་མངོན་ཡོད། འདི་ནི་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན། དམངས་གཙོ་དར་སྤེལ། མཐུན་སྒྲིལ་ཡར་སྐུལ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་དང་སྐུལ་ལྕག་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་ཡོངས་སུ་ཡག་པོ་བསྡུ་བ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་ཚང་མས་མོས་ཤོག་ཆ་ཚང་འཕངས་ནས་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ནི་དུས་རབས་གོང་འཕེལ་འགྲོ་བ་དང་འཚམ་ཞིང་། བོད་ཀྱི་དོན་དངོས་དང་མཐུན་ལ་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་ལ་དམིགས་པའི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ཀྱི་ལས་དོན་སྐོར་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ། རང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་སྤེལ་གང་མགྱོགས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་བཅས་ཀྱི་ཐོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་སེམས་ཁོང་འབོད་སྒྲ་མཚོན་གྱི་ཡོད། དེས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེན་གཏོང་ངེས་དང་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཡུན་རིང་བའི་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད།

འཐུས་མི་རྣམ་པ། 2020ལོ་ནི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་བཅས་རེད། འདི་ལོའི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་གྱུར་ཡོང་བ་བྱེད་པར་གལ་འགངས་ཤིན་ཏུ་ཆེན་པོ་ལྡན་ཡོད།

དེས་ན་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ཐོག ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས་ཏེ། བཀའ་དྲིན་ཚོར་བཞིན་འབད་འབུངས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་ཤུགས་ཆེན་གནང་བར་དྲིན་ལན་འཇལ་དགོས།

ང་ཚོས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་སྦྲགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་བཏང་སྟེ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ཐོག རང་རྟོགས་ངང་ལམ་ལུགས་ལ་བརྩི་བཀུར་དང་། ལམ་ལུགས་ལག་བསྟར་ནན་པོ། ལམ་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ཡག་པའི་སྒོ་ནས་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་སྒྱུར་དགོས།

ང་ཚོས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་ཁག་གི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཨང་དང་པོ་མཐའ་གཅིག་ཏུ་འཁུར་བ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་དང་། དྲིལ་བསྒྲགས་རྒྱ་ཆེ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ“འཛུགས་པའི”ཐད་ལས་དོན་སྤེལ་བ་དང་། “གཏོད་པའི”ཐོག་ཤུགས་བརྒྱབ་ནས་དུས་རྒྱུན་དུ་གཙོར་བཟུང་དང་། གཞི་རིམ་དུ་དོན་འཁྱོལ། སྐུལ་སྤེལ་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཚང་མས་འགན་འཁུར་བ་དང་ཐེ་ཞུགས་བྱེད་པའི་འཛུགས་གཏོད་རྣམ་པ་ཞིག་ཆགས་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱས་པ་བརྒྱུད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་བཅས་ཀྱི་བསམ་བློའི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི། ཁྲིམས་སྐྱོང་གི་རྨང་གཞི་བཅས་སྔར་བས་སྲ་བརྟན་དུ་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

ང་ཚོས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་ཡོངས་སུ་བསྡུ་བ་བཅས་ལ་དམིགས་ཏེ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་མ་ཟད། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་གཞིར་བཟུང་འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་རྒྱུན་མཐུད་ཡག་པོ་རྒྱག་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་རྒྱུན་མཐུད་སྐུལ་སྤེལ་གཏོང་བ། སྒྱུར་བཅོས་སྒོ་དབྱེར་རྒྱུན་མཐུད་སྐུལ་སྤེལ་གཏོང་བ། མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་རྒྱུན་མཐུད་སྐུལ་སྤེལ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་མཐུད་ལག་བསྟར་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་མཐུད་བྱེད་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ང་ཚོས་རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་དམིགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་དོན་འཁྱོལ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཐོག རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་བོད་ལྗོངས་ས་མཐོའི་ནམ་མཁའ་དེ་བས་སྔོ་བ་དང་། ཡུལ་ཀླུང་དེ་བས་སྔོ་ལྗང་ལྡན་པ། ཆུ་མོ་དེ་བས་དྭངས་ཤིང་གཙང་བ་བཅས་ཡོང་བར་བྱེད་དགོས།

ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནམ་ཡང་འགྱུར་མེད་ཀྱི་དཔྱོད་དོན་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་ཏེ་ཏང་གི་དམིགས་ཡུལ་སྒྲུབ་པ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། དོན་དངོས་དང་། གཞི་རིམ། འཐབ་ས་དང་པོ་བཅས་སུ་ཟབ་ཞུགས་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གནད་དོན་ལ་ཐད་ཀར་གཏུག་ཕོད་པ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྒྲིག་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་མཚམས་མེད་རྒྱུན་སྒྲུབ་བྱེད་པའི་བླང་བྱ་བློ་ལ་བརྟན་པོར་ངེས་ཏེ་སེམས་ནུས་དེ་བས་མང་བ་དོན་འཁྱོལ་ལ་དམ་འཛིན་བྱེད་རྒྱུའི་ཐོག་འཇོག་པ་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་གཏོང་བ་ལས། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཆུད་ཟོས་སུ་གཏོང་མི་རུང་།

ཐེངས་འདིའི་ཚོགས་འདུ་ཡོངས་སུ་ལེགས་འགྲུབ་བྱུང་བ་ནི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག འཐུས་མི་ཡོངས་དང་འཐུས་མི་ཚོགས་པ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་གནང་བའི་འབྲས་བུ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་འགན་ནུས་ཚོགས་ཆུང་ཁག་དང་། ལས་དོན་པ་ཡོངས། གསར་འགྱུར་སྨྱན་སྦྱོར་དང་གསར་འགོད་པ་རྣམ་པ་བཅས་ཀྱིས་དཀའ་སྤྱད་ལས་སྒྲུབ་གནང་ཡོད། འདིར་ངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ཏེ་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འཐུས་མི་རྣམ་པ། དུས་རབས་གསར་པར་རྣམ་པ་གསར་པ་ཐོན། ལས་འགན་གསར་པར་བྱས་རྗེས་གསར་པ་འཇོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། དཔལ་འབྱོར་ལས་དོན་ཚོགས་འདུ། དེ་བཞིན་ཐེངས་འདིའི་ཚོགས་ཆེན་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཁུར་ལེན་འགན་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཐོག དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)