《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月11日

དེ་དག་ཐམས་ཅད་ནི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་ཡིན།

—— འཐུས་མི་ཚོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

ཁྲིམས་འཛུགས་རྒྱུ་དམངས་འཚོའི་ཆེད་ཡིན་པ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2019ལོའི་ལས་དོན་སྙན་སྒྲོན་ལ་ལྟ་སྐབས། ལོ་དེ་ནི་གཡུར་ཟའི་གྲུབ་འབྲས་ཀྱིས་ཁེངས་པའི་ལོ་ཞིག་རེད། ལོ་དེའི་ནང་འཐུས་མི་ཚོས་ས་ཆ་དངོས་སུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་ཁྲིམས་འཛུགས་རྒྱུ་དམངས་འཚོའི་ཆེད་ཡིན་པར་སྐུལ་འདེད་བཏང་བ། དམངས་སེམས་དང་དམངས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་སྟོབས་ཆེན་གྱིས། “ཚོགས་ར་དངོས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཉན་པ་ཡིན། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། སྐུལ་མའང་ཆེན་པོ་ཐེབས་བྱུང”ཞེས་གསུངས་པ་རེད།

2019ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་གྲོས་འགོ་སྒྲུབ་རྒྱུར་ལྟ་སྐུལ་ཧུར་ཐག་བྱས་པ་དང་། དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་རིང་འཐུས་མི་ཚོས་བཏོན་པའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་271ལ་རིགས་དབྱེ་ཕྱོགས་བསྒྲིགས་དང་གཅིག་སྡུད་ཐོག་སྒྲུབ་རྒྱུར་ཕུལ་པ་དང་། “འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམིགས་ཏེ། ལྟ་སྐུལ་ལས་དོན་གྱི་བྱེད་སྟངས་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།

དམངས་ཀྱི་འདོད་འདུན་དོན་འཁྱོལ་བྱུང་བ།

འདས་ཟིན་པའི་ལོ་དེའི་ནང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྲིམས་སྲོལ་གྱི་མ་ཟིན་འཆར་ཟིན་འགོད་པ་དང་། རིགས་པས་ཁུངས་སྐྱེལ། གྲོས་ཞིབ་སོགས་ཀྱི་ལས་ཀའི་ལྷུ་ཚིགས་ཁག་གི་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། དཔུང་པ་མཉམ་གཤིབ་ཀྱི་སྒོ་ནས་ཁྲིམས་འཛུགས་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱས་པ་རེད།

འཕེལ་རྒྱས་ལ་འཆར་འགོད་ཡོད་པ།

“ང་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལྟ་སྐུལ་གྱི་དབང་ཆ་ཡག་པོ་སྤྱོད་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཛུགས་སྐྱོང་སོགས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་ལྟ་སྐུལ་བྱེད་སྟངས་སྣ་ཚོགས་སྤྱོད་པ་དང་། ལས་ཀར་ལྟ་སྐུལ་དང་བཅའ་ཁྲིམས་ལ་ལྟ་སྐུལ་བྱས་ནས་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འཐུས་མིའི་འགན་སྒྲུབ་ལས་སྟེགས་ཧུར་ཐག་གཏོད་པ། འཐུས་མིའི་འགན་སྒྲུབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འཐུས་མིའི་འགན་ནུས་སྒྲུབ་པའི་འགན་སྲུང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་འཐུས་མིའི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན”ཞེས་སྟོབས་ཆེན་གྱིས་གསུངས་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་དབྱངས་ཅན་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས་དང་གྲོང་གསར་ཤང་ནགས་སྒང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རེད་ལ། ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་། ཁོང་གིས་གསར་འགོད་པར་གོམ་སྟབས་རྗེས་མའི་འགན་སྒྲུབ་འཆར་གཞི་མཉམ་སྤྱོད་བྱས་པ་རེད། ཁོང་གིས“གྲོང་ཚོའི་ལས་བྱེད་པ་དང་མཉམ་ལས་ཁང་གི་འགན་འཁུར་བ་ཞིག་ཡིན་པས། རང་ཉིད་ལ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ལས་དོན་ནང་ཞུགས་པའི་འགན་འཁྲི་ཡོད། དེར་བརྟེན་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་གསོ་སྦྱོང་ལས་དོན་སྤེལ་རྒྱུར་ཤུགས་སྣོན་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དྲིལ་བསྒྲགས་ཡག་པོ་བྱས་ནས། མི་རིགས་རིག་གནས་ལ་དགའ་པོ་བྱེད་མཁན་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།