《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月11日

སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

(2020ལོའི་ཟླ་1ཚེས་10ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། རིགས་ཁོངས་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་གྲོས་གཞིའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོཌ་ཐེངས་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ། ལྟེ་བར་དམིཌ་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། དམངས་འཚོར་དོ་ཁུར་བཅས་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པར་དམིགས་པ་བཅས་ཀྱི་ཐོག་ནས་གྲོས་གཞི་བརྒྱུད་འགན་སྒྲུབ་ཇུས་འདོན་ཧུར་ཐག་གནང་ཡོད།

ཚོགས་འདུའི་རིང་ཁྱོན་བསྡོམས་གྲོས་གཞི་357འབྱོར་ཞིང་། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་ཀའི་སྲོལ་ཡིག》དང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཞིབ་བཤེར་ལས་ཀའི་ཞིབ་སྲོལ》《གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་བསམ་འཆར》《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་ཀའི་སྲོལ་ཡིག》བཅས་ལ་གཞིཌ་ནས་ཞིབ་བཤེར་ནན་ཏན་བྱས་པ་བརྒྱུད། ཁྱོན་གྲོས་གཞི་329གྲོས་ཁོངས་སུ་བཅུག་པ་དང་། བསམ་འཆར་དང་གྲོས་འགོའི་ཁོངས་སུ་བཞག་པ11 གྲོས་ཁོངས་སུ་མ་བཅུག་པ་17ཡོད་ཅིང་། ཨུ་ཡོན་མི་སྒེར་གྱི་གྲོས་གཞི་267དང་། མཚན་མཉམ་བཀོད་ཀྱི་གྲོས་གཞི་87 ཐུན་མོང་གི་གྲོས་གཞི་3བཅས་ཡོད།

སྤྱིའི་ཆ་ནས་བལྟས་ན། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་ནི་བརྗོད་བྱ་བདམས་ཚུལ་གནད་ལ་འཁེལ་བ་དང་། བརྟག་ཞིབ་གཏིང་ཟབ་པ། གྲངས་གཞི་ཞིབ་གསལ་ཡིན་པ། དབྱེ་ཞིབ་གཟབ་ནན་ཡིན་པ། བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་ཙམ་ལྡན་པ་བཅས་ཡིན་ཞིང་། གྲོས་གཞིའི་ནང་དོན་ཁོངས་སུ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། རིག་གནས་འཛུགས་སྤེལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཁྱབ་ཁོངས་ཁག་ཚུད་ཡོད་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་བླང་བྱ་གསར་པ་མངོན་གསལ་དོད་པོས་མཚོན་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གནད་དོན་གལ་ཆེན་གཅིག་སྡུད་ཀྱིས་མཚོན་པ། ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དངོས་ཡོད་གནད་དོན་མཚོན་པ། སྐབས་འདིའི་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་མཚོན་པ་བཅས་བྱུང་ཡོད།

ཨུ་ཡོན་ཚོས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་106བཏོན་པ་དེས་32.22%བཟུང་ཡོད་ཅིང། གྲོས་འགོ་གཙོ་བོ་ནི། 《ས་མཐོའི་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཐག་གཅོད་ཡང་དག་བྱེད་དགོས་པའི་འབྲེལ་བ་འགའ་ཞིག་སྐོར་གྱི་གྲོས་གཞི》 《འགྲམ་འགག་སྒོ་དང་སྐྱིད་གྲོང་འགག་སྒོ་ཧེ་བག་ཅན་གྱིས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《གཞིས་རྩེ་གྲོང་ཁྱེར་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེ་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཡིན།

ཨུ་ཡོན་ཚོས་རང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་49བཏོན་པ་དེས་14.89%བཟུང་ཡོད་ཅིང་། གྲོས་འགོ་གཙོ་བོ་ནི། 《ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གྱི་ཕན་འབྲས་དམའ་རིགས་ཕྱིར་འཐེན་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཁྲོད་བོད་ལྗོངས་ཀྱི་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》 《སྤྱི་ཚོགས་རྩ་འཛུགས་ཀྱི་ཤེས་ལྡན་མི་སྣ་སྔོན་ལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཡིན།

(པར་ངོས་བདུན་པར་གཟིགས)

(པར་ངོས་བཞི་པར་མཐུད) ཨུ་ཡོན་ཚོས་རང་ལྗོངས་ཀྱི་རིག་གནས་ཐོན་ལས་དང་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་91བཏོན་པ་དེས་27.66%བཟུང་ཡོད་ཅིང་། གྲོས་འགོ་གཙོ་བོ་ནི། 《བོད་རིགས་ཀྱི་རོལ་དབྱངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《གླིང་སྒྲུང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གསར་སྤེལ་ཐད་རྩེ་རིམ་ཇུས་འགོད་དང་འབྲེལ་ཡོད་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཡིན།

ཨུ་ཡོན་ཚོས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་33བཏོན་པ་དེས་10.03%བཟུང་ཡོད་ཅིང་། གྲོས་འགོ་གཙོ་བོ་ནི། 《གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《གློག་སྒུལ་རླངས་འཁོར་གྱི་འཁོར་བྱང་བཟོ་བའི་ལས་ཀར་ཧུར་བརྩོན་དང་། བརྟན་བརླིང་། གཟབ་ནན་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་འགྲིམ་འགྲུལ་དོན་རྐྱེན་ཉུང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《སྤྱི་པའི་འགྲིམ་འགྲུལ་ལེགས་སུ་གཏོང་རྒྱུ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》སོགས་ཡིན།

ཨུ་ཡོན་ཚོས་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་50བཏོན་པ་དེས་15.20%བཟུང་ཡོད་ཅིང་། གྲོས་འགོ་གཙོ་བོ་ནི། 《〈བོད་རང་སྐྱོང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་སྲོལ་ཡིག〉གང་མགྱོགས་འདོན་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《གད་སྙིགས་རིགས་དབྱེ་དོན་འཁྱོལ་ཡག་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《བོད་རང་སྐྱོང་ལྗོངས་ཀྱིས་ཞུ་ཐབས་མེད་པའི་འགྱིག་བཟོས་དངོས་རྫས(“འགྱིག་ཤོག་གི་གད་སྙིགས”)བཀག་འགོག་བྱ་རྒྱུའི་སྐོར་གྱི་གྲོས་འགོ》སོགས་ཡིན།

ཨུ་ཡོན་ཚོས་ད་དུང《དམག་མིར(དམག་མིའི་ནང་མི)གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《སྨན་དྲེད་འདུས་འདྲིལ་གཅོང་ནད་ཕོག་པའི་མི་ཚོགས་ཡོངས་རྫོགས་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱེད་ཁོངས་སུ་འཇུག་རྒྱུའི་སྐོར་གྱི་གྲོས་གཞི》 《སྔར་ལས་ལྷག་པའི་སྒོ་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་གྲོས་གཞི》《བོད་ཀྱི་བུ་བཅོལ་ཁང་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་ཅུང་མཐོ་བའི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

ཚོགས་ཆེན་གྲོལ་རྗེས། ང་ཚོས་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ཏེ། གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་དག་དུས་ཐོག་ཏུ་འབྲེལ་ཡོད་གྲོས་སྒྲུབ་ཚན་པར་སྒྲུབ་གཉེར་བྱ་རྒྱུར་འབུལ་རྒྱུ་མ་ཟད། བྱ་ཐབས་སྣ་ཚོགས་སྤྱད་དེ་མུ་མཐུད་ནས་གྲོས་གཞི་སྒྲུབ་ཚུལ་ལ་རྗེས་སྙེགས་ལྟ་སྐུལ་བྱ་རྒྱུ་དང་། གྲོས་གཞི་སྒྲུབ་གཉེར་ཐད་ཀྱི་གྲོས་མོལ་ལ་ཤུགས་སྣོན་བརྒྱབ་ནས་སྒྲུབ་གཉེར་གྲུབ་འབྲས་དོན་སྨིན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། བསམ་འཆར་དང་གྲོས་འགོར་བརྩིས་པ་དག་འབྲེལ་ཡོད་ཚན་པས་ཞིབ་འཇུག་དང་དཔྱད་གཞིར་བྱ་རྒྱུར་འབུལ་རྒྱུ་ཡིན། ཐེངས་འདིའི་ཚོགས་འདུའི་གྲོས་གཞིར་བསྡོམས་རྩིས་བྱེད་མཚམས་བཞག་རྗེས་འབྱོར་བའི་གྲོས་གཞི་དག་དུས་རྒྱུན་གྱི་གྲོས་གཞིར་བརྩིས་ནས་ཞིབ་བཤེར་དང་སྒྲུབ་གཉེར་བྱ་རྒྱུར་འབུལ་རྒྱུ་ཡིན། (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)