《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月11日

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད།

(2020ལོའི་ཟླ་1ཚེས་10ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་2020ལོའི་ཟླ་1ཚེས་6ཉིན་ནས་ཚེས་10ཉིན་བར་ལྷ་སར་སྐོང་འཚོགས་བྱས་ཡོད།

ཚོགས་འདུའི་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ཚོགས་འདུར་ཕེབས་པ་དང་སྦྲགས། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་ནས་ཨུ་ཡོན་དང་མཉམ་དུ་བོད་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཇུས་ཆེན་ལ་གྲོས་མོལ་གནང་བ་རེད། ཚོགས་འདུའི་ཐོག་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུའུ་ཞི་སྐུ་གཞོན་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་དང་། ཀྲུའུ་ཞི་སྐུ་གཞོན་བློ་བཟང་འགྱུར་མེད་ནས་གནང་བའི་གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་གནང་སྟེ་གྲོས་འཆམ་བྱུང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་སྟེ་གྲོས་འཆམ་བྱུང་བ། ཚོགས་ཞུགས་ཨུ་ཡོན་རྣམ་པས་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ། འཆར་གཞི་དང་སྔོན་རྩིས་སོགས་ཀྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་བཅས། གོང་གསལ་གྱི་སྙན་སྒྲོན་ལ་མོས་མཐུན་གནང་བ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་ཡོད། ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཚོགས་ཆེན་ཞིག་དང་དམངས་གཙོ་དར་སྤེལ་དང་སེམས་ཤུགས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་ཀྱང་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན། དེ་བཞིན་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་བཏང་བ་དང་།“གདེང་ཚོད་བཞི”བརྟན་དུ་བཏང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག འཕེལ་རྒྱས་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་བྱས་པ་དང་ཏང་འཛུགས་སྐྱོང་གིས་འགན་སྲུང་ཤུགས་ཆེན་བྱས་པ་དང་ཆབས་ཅིག དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཡོངས་སུ་བདེ་འཇགས་ཡོང་བར་འགན་སྲུང་བྱ་རྒྱུའི་ལས་འགན་གལ་ཆེན་གཉིས་ལ་དམིགས་ནས། བློ་བརྟན་འགྱུར་མེད་ངང་དམངས་འཚོ་ལེགས་བཅོས་དང་། མི་སེམས་གཅིག་སྒྲིལ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་ཀྱི་མགྱོགས་མྱུར་འཕེལ་རྒྱས་དང་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། བོད་ལྗོངས་སྲིད་གྲོས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་། ལྗོངས་ཏང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད། སྲིད་གྲོས་ཏང་ཙུའུ་ཡི་ཐད་ཀའི་འགོ་ཁྲིད་བཅས་ཀྱི་འོག དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་དང་ལས་འགན་གསར་པ། བོད་ལྗོངས་ལས་ཀའི་གཞི་ཚུགས་ས་དང་ཤུགས་རྒྱག་ས། འགོ་འཛུགས་ས་དང་དོན་ལ་བབས་ས། བོད་ལྗོངས་སྲིད་གྲོས་ལས་ཀའི་དམིགས་བསལ་རང་བཞིན་དང་ཞིབ་ཕྲའི་བླང་བྱ་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཡིད་ཆེས་བརྟན་པོ་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་པ། རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ་བྱས་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་ལ་རྣམ་པ་གསར་པ་ཐོན་པ་དང་རྣམ་པ་གསར་པ་བཏོད་ཡོད།

ཚོགས་འདུའི་ཐོག་བཏོན་པར། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་འཚོགས་པའི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་གལ་ཆེན་དང་། གསལ་བཤད་གལ་ཆེན། གསུང་བཤད་གལ་ཆེན་བཅས་དང《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནི་ཀྲུང་གོའི་མི་དམངས་ཀྱིས“གདེང་ཚོད་བཞི”བརྟན་དུ་གཏོང་བའི་གདིང་ཤུགས་གནས་ས་དང་། “ཀྲུང་གོའི་སྐྱོང་ལུགས”ཀྱི་གསང་ཐབས་འབྱུང་རྩ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བཏང་བའི་བྱས་རྗེས་ངོ་མཚར་ཅན་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་འགན་སྲུང་འབྱུང་རྩ་བཅས་ཡིན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱའི་ཐོག་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ནང་གནས་འབྲེལ་བ་ཁོང་དུ་ཆུད་རྒྱུར་ཤུགས་སྣོན་དང་། མི་དམངས་སྲིད་གྲོས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་མཐའ་འཁྱོངས་ཁྲོད་འཕེལ་རྒྱས་གཏོང་བ་དང་སྲ་བརྟན་ཁྲོད་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ནི་ཏང་གི་ལོ་རྒྱུས་དང་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཐོག་ཏང་ཀྲུང་དབྱང་གི་མིང་ཐོག་ནས་ཐེངས་དང་པོ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་དང་ཐོག་མའི་བསམ་འདུན་མ་བརྗེད་པར་ངར་ཤུགས་འཕེལ་བ་དང་། ངོ་བོ་གཏན་འཁེལ་དང་ནུས་པ་འདོན་པ། འགན་འཁྲི་ཁ་གསལ་བཟོ་བ། ངོས་འཛིན་གཅིག་སྒྲིལ་བྱེད་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》གྱིས་ཕྱོགས་ཡོངས་ནས་མི་དམངས་སྲིད་གྲོས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་། ལོ་རྒྱུས་ཀྱི་བྱས་རྗེས། ལོ་རྒྱུས་ཀྱི་ཉམས་མྱོང་བཅས་ཕྱོགས་སྡོམ་གནང་ཡོད་པ་དང་། མི་དམངས་སྲིད་གྲོས་ལས་ཀའི་ཁྲོད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད་པས། དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩེ་རིམ་ཇུས་འགོད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་དང་སྲིད་གྲོས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་མཚོ་རྟེན་ཀ་བ་ལྟ་བུ་ཞིག་ཡིན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ།

(པར་ངོས་བདུན་པར་གཟིགས)

(པར་ངོས་བཞི་པར་མཐུད) དགོངས་དོན་དང་ངོ་བོ་ཁོང་དུ་ཆུད་རྒྱུར་ཤུགས་སྣོན་དང་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་ལག་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། 《〈ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྒོ་ཀུན་ནས་རང་ལྗོངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ལས་འགན་གསར་པ་ཁ་གསལ་བཟོས་པ་དང་། སང་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཚང་མས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རང་ལྗོངས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་དགོས་པ་དང་། ངེས་པར་དུ“ཀྲུང་གོའི་སྐྱོང་ལུགས”ཀྱི་ལམ་ལུགས“གསང་ཐབས”ཁོང་དུ་ཆུད་པ་བྱེད་པའི་ཁྲོད་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་གནད་ལ་འཁེལ་པོས་འཚོལ་བ་དང་། མི་དམངས་དམངས་གཙོའི་དོན་སྙིང་སྟངས་འཛིན་བྱེད་པའི་ཁྲོད་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་ཁ་གསལ་བཟོ་དགོས། ངེས་པར་དུ་མི་དམངས་སྲིད་གྲོས་འདི་ཉིད་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་སྐབས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རྩ་འཛུགས་ལམ་ལུགས་ཀྱི་ལེགས་ཆ་དང་། གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་ལེགས་ཆ། ངོས་འཛིན་གཅིག་སྒྲིལ་ལམ་ལུགས་ཀྱི་ལེགས་ཆ་བཅས་དེ་བས་ལེགས་པའི་སྒོ་ནས་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་འགྱུར་བ་བྱེད་དགོས། “མཐའ་འཁྱོངས་དང་སྲ་བརྟན”དང“འཐུས་ཚང་དང་འཕེལ་རྒྱས”“བརྩི་སྲུང་དང་ལག་བསྟར”བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཧུར་བརྩོན་ཆེན་པོས་ལས་སྟེགས་གསར་སྐྲུན་དང་། སེམས་ནུས་གཅིག་སྒྲིལ། ཐབས་ཇུས་བློ་འདྲི། དམངས་གཙོའི་གྲོས་མོལ། རྒྱལ་ཁབ་བཅོས་སྐྱོང་བཅས་ཀྱི་འཐབ་ཕྱོགས་དང་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་རང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་བཅས་ལ་རྟེན་འབྲེལ་ཞུ་བའི་རྒྱབ་ལྗོངས་འོག་སྐོང་འཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ལྗོངས་སྲིད་གྲོས་དབུ་བརྙེས་ཚུན་ལྗོངས་ཏང་ཨུད་ཀྱི་མིང་ཐོག་ནས་སྐོང་འཚོགས་བྱས་པའི་སྲིད་གྲོས་ལས་དོན་གྱི་ཚོགས་འདུ་ཐེངས་གསུམ་པ་དང་། དུས་རབས་གསར་པར་སླེབས་རྗེས་ལྗོངས་ཏང་ཨུད་ཀྱི་མིང་ཐོག་ནས་སྐོང་འཚོགས་བྱས་པའི་སྲིད་གྲོས་ལས་དོན་གྱི་ཚོགས་འདུ་ཐེངས་དང་པོ་དེ་ཡིན། ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། གྲུབ་འབྲས་གསར་པར་ཕྱོགས་སྡོམ་དང་། ངོས་འཛིན་གསར་པ་གཅིག་གྱུར། ལས་འགན་གསར་པ་གསལ་སྟོན་བཅས་བྱས་པས་དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཚོགས་འདུའི་དོན་སྙིང་གལ་ཆེན་དང་། ནང་དོན་གཙོ་བོ། བླང་བྱ་ཞིབ་ཕྲ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ《དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དང་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི“གཙོ་གནད་ལས་འགན་ལྔ”ལ་དམ་པོར་དམིགས་ཏེ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་གསར་པ་རྒྱག་པ་དང་། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་སྟངས་འཛིན་བྱ་རྒྱུའི་ཐད་ཞིབ་དཔྱད་གསར་པ་བྱེད་པ། དུས་རབས་གསར་པར་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་བའི་ཐད་ཡར་རྒྱས་གསར་པ་གཏོང་བ། སྲིད་གྲོས་ལས་དོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་གྲུབ་འབྲས་གསར་པ་གཏོད་པ། མིག་དཔེའི་སྲིད་གྲོས་ལས་ཁུངས་འཛུགས་སྐྱོང་བྱེད་པའི་ཐད་རྣམ་པ་གསར་པ་ཐོན་པ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། 2020ལོ་ནི་ཕྱོགས་ཡོངས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ལེགས་གྲུབ་དང་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འགོ་འཛུགས་ལོ་ཞིག་ཀྱང་ཡིན། འདི་ལོའི་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དོན་སྙིང་ཆེ་ལ་ཤུགས་རྐྱེན་ཟབ་མོ་ལྡན་པ་ཞིག་ཡིན། རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་སྤྱིའི་ཇུས་འགོད་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པའི་ནུས་པ་ནས་འགོ་བརྩམས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། རྒྱུན་ཆད་མེད་པར་ཐོག་མའི་བསམ་འདུན་ཡིད་ལ་ཡང་ཡང་དྲན་པ་དང་། ཐོག་མའི་བསམ་འདུན་སྲུང་སྐྱོང་། རྒྱུན་ཆད་མེད་པར་འགན་འཁྲི་བརྟན་སྲུང་དང་འགན་འཁྲི་འཁུར་ཏེ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་སྲ་ཞིང་བརྟན་ལ། འགན་འཁྲི་ཕྲག་ཏུ་འཁུར་ཐུབ་པ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་དང་བླང་བྱ་གསར་པ་དང་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་བཅས་གཙོ་གནད་ལས་འགན་གསུམ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུར་དམིགས་པ། མི་དམངས་སྲིད་གྲོས་ཀྱི་གཙོ་རྟེན་དང་། གཙོ་རྐང་། གཙོ་དོན། ལྟེ་བའི་ལྷུ་ཚིགས། ཆབ་སྲིད་ཀྱི་འགན་འཁྲི་བཅས་ལ་དམིགས་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་ཐོན་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། སྲིད་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་དང་ཕན་འབྲས་ལེགས་གཏོང་བྱ་རྒྱུ་དེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ་དང་། རང་འགུལ་ངང་དུས་རབས་གསར་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་པའི་ལག་ལེན་རླབས་པོ་ཆེའི་ནང་དུ་ཞུགས་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལམ་ལུགས་ནང་ཞུགས་མཁན་དང་། ལག་ལེན་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་ཡག་པོ་བྱས་ཏེ། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་འགྱུར་ཐུབ་པ་བྱེད་དགོས།

ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཐད་ཀའི་འགོ་ཁྲིད་བཅས་ཀྱི་འོག བསམ་བློ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གསར་གཏོད་སྲོལ་འབྱེད་དང་འབད་འབུངས་ཡར་བརྩོན་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་ཡག་པོ་བྱེད་པ། མི་དམངས་སྲིད་གྲོས་དེ་ཆབ་སྲིད་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཏུ་བརྩིས་ནས་ཕན་ནུས་ཡག་པོ་འདོན་པ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད། (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)