《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月10日

ཇོ་མོ་གླང་མའི་འདབས་ཀྱི་མཐའ་སྲུང་དམག་མི་བཀྲ་ཤིས་རྣམ་རྒྱལ།

དེ་སྔོན་ཇོ་མོ་གླང་མའི་རྩེ་ལ་ཐེངས་བཞི་འཛེགས་མྱོང་བའི་བཀྲ་ཤིས་རྣམ་རྒྱལ་ནི། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་སུའོ་ཡི་གནས་སྤོས་ཡུལ་མིར་དོ་དམ་བྱེད་མཁན་གྱི་ཉེན་རྟོག་པ་ཞིག་རེད། 2008ལོར་ད་དུང་སློབ་གྲྭར་འགྲོ་བཞིན་པའི་བཀྲ་ཤིས་རྣམ་རྒྱལ་དམིགས་བསལ་དུ་དམག་དཔུང་ནང་བསྡུས་པ་དང་། 2011ལོར་སློབ་གྲྭ་ཐོན་རྗེས་ཇོ་མོ་གླང་མར་བཅངས་པའི་དམིགས་བསལ་གྱི་བརྩེ་བས་བསྐུལ་ནས་ཁོང་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་དུ་ལས་དོན་སྒྲུབ་པར་སླེབས་པ་རེད།

ལོ་9ཡི་དུས་ཚོད་ནང་། ཁོང་གིས་ཁོངས་གཏོགས་ཁུལ་དུ་ཐེངས་མང་བསྐྱོད་ནས་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པར་རོགས་རམ་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པས། ཁོང་གི་སྐོར་གླེང་དུས་ས་གནས་དེ་གའི་མི་སེར་དང་ཡང་ན་མི་དམངས་ཉེན་རྟོག་པའམ་ལས་རོགས་མི་དམངས་ཉེན་རྟོག་པ་སུ་ཞིག་ཡིན་རུང་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད།

2019ལོའི་ཟླ་7ཚེས་24ཉིན། ཡུལ་སྐོར་བ་ཞིག་གིས་རང་ཉིད་དང་རོགས་པ་རོང་ཕུ་འཁྱགས་རོམ་ཁུལ་དུ་དཀའ་ཉེན་དུ་གྱར་བས་རོགས་སྐྱོབ་བྱ་རྒྱུའི་སྙན་སེང་ཞུས་པ་རེད། ཁོང་ཚོ་དོན་རྐྱེན་ཐོན་ཡུལ་དུ་སླེབས་དུས་ཡུལ་སྐོར་བ་གཉིས་ཀར་ལ་དུག་ཚབས་ཆེན་ཕོག་ནས་རྐང་ལག་ཀྱང་གྲང་མོར་གྱུར་པ་མ་ཟད། ཁ་ནས་སྐད་ཆ་ཡང་ཤོད་ཐུབ་ཀྱི་མེད། གནས་ཚུལ་དེ་མཐོང་རྗེས། བཀྲ་ཤིས་རྣམ་རྒྱལ་དང་ལས་རོགས་རྣམས་ཀྱིས་ཁོང་གཉིས་སྒལ་པར་ཁུར་ཏེ་མཚན་འགྲུལ་བརྒྱབ་ནས་འཁྱགས་རོམ་ལས་སྒྲོལ་ཐབས་བྱས་པ་རེད།

དུས་ཡུན་རིང་པོར་གསོ་རླུང་དཀོན་པའི་ས་མཐོའི་ཁོར་ཡུག་ཞན་པོའི་ཁྲོད། ཉིན་ལྟར་ལས་སྒྲུབ་ཀྱི་དུས་ཡུན་ཆུ་ཚོད་བཅུ་གཉིས་ལས་བརྒལ་ཡང་གཞོན་ནུ་དེའི་བློ་ཕམ་མ་མྱོང་། འོན་ཀྱང་། གསར་འགོད་པས་ནང་མིའི་སྐོར་འདྲི་སྐབས་ཁོང་གི་ངོ་གདོང་ལས་བརྩེ་བ་ཟབ་པའི་ཉམས་མདངས་ཤིག་མངོན་གྱི་འདུག

བཀྲ་ཤིས་རྣམ་རྒྱལ་གྱིས་བརྗོད་དོན། ངའི་བུ་ལོ་10ལ་སླེབས་གྲབས་ཡོད། དུས་རྒྱུན་བུ་ལ་ལྟ་རྟོག་བྱེད་ཐུབ་ཀྱི་མེད་པས་ངས་པ་ཕའི་འགན་འཁྲི་འཁུར་ཐུབ་མེད། དུས་རྒྱུན་བུ་དྲན་དུས་སྐད་འཕྲིན་གྱི་བརྙན་ལམ་ནས་ཁོ་དང་ཁ་བརྡ་བྱེད་ཀྱི་ཡོད། ད་ཆ། བུ་སློབ་ཆུང་ལོ་རིམ་གསུམ་པ་ཡིན། ངའི་ལས་ཀར་ཡང་བསམ་ཤེས་བྱེད་ཐུབ་ཀྱི་འདུག བུས་དུས་རྟག་ཏུ“པཱ་ལགས་ཀྱིས་ང་ཚོའི་མེས་རྒྱལ་གྱི་མཐའ་མཚམས་སྲུང་གི་ཡོད་པས། དེ་ནི་གཟི་བརྗིད་ལྡན་པ་ཞིག་རེད”ཅེས་བརྗོད་ཀྱི་འདུག

ལོ་མང་པོའི་རིང་། བཀྲ་ཤིས་རྣམ་རྒྱལ་ལྟ་བུའི་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མཐའ་སྲུང་དམག་མི་རབ་དང་རིམ་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་དཔུང་སྡེའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་བཏང་སྟེ། སྐད་གྲགས་མེད་པར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་མང་ཚོགས་གྲངས་མེད་ལ་རོགས་སྐྱོར་དང་མྱུར་སྐྱོབ་བྱས་ཡོད། ཁོང་ཚོས་ལས་འགན་དེ་དག་བསྒྲུབས་པའི་དམིགས་ཡུལ་ནི། དྲིན་གཟོ་དང་དྲིན་ལན་ཐོབ་པའི་ཆེད་དུ་མ་ཡིན་པར།“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱེད་པའི་འགྱུར་མེད་ཀྱི་དམ་བཅའི་ཆེད་དུ་ཡིན་པ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)