《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月09日

མང་ཚོགས་ཀྱི་འབྱོར་འབྲིང་ཕུགས་འདུན་ནུས་ཤུགས་ཡོད་རྒུས་སྒྲུབ་རོགས་བྱས་པ།

—— ལྷུན་རྩེ་རྫོང་གཉལ་གཞུང་བཞོན་མ་གསོ་སྤེལ་རྟེན་གཞིས་མང་ཚོགས་ལ་དབུལ་སྒྲོལ་བྱེད་རོགས་བྱས་པ།

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གཉལ་གཞུང་བཞོན་མ་གསོ་སྤེལ་རྟེན་གཞི་ནི་ལྷོ་ཁ་གྲོང་ཁྱེར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ས་མཐོའི་སྣོད་བཅུད་བཞོན་མ་གསོ་སྤེལ་རྟེན་གཞིའི་གྲས་ཤིག་རེད་ལ། མིག་སྔའི་ལྷོ་ཁ་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་ཚད་གཞི་མཐོ་ཤོས་ཀྱི་བཞོན་མ་ར་བ་ཞིག་ཀྱང་རེད།

དེང་རབས་ཅན་གྱི་བཞོན་མ་གསོ་སྤེལ་རྟེན་གཞི་གཙང་ལ་གྲལ་འགྲིག་པ་མ་ཟད། ད་དུང་མཛོད་ཁང་དང་། གཞུང་ལས་ཁང་། དུག་སེལ་ཁང་། གཟན་རྩྭ་ལས་སྣོན་ཁང་སོགས་གསོ་སྤེལ་གྱི་སྒྲིག་བཀོད་ཚང་མ་འཛོམས་ཡོད།

“ད་ལྟ་གསོ་སྤེལ་རྟེན་གཞིར་བཞོན་མ་700ལྷག་ཙམ་དང་ལས་མི་68ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་22ཡོད”གསོ་སྤེལ་རྟེན་གཞིའི་འགན་འཁུར་བ་བག་གྲོས་གསར་འགོད་པར་རྩིས་བརྒྱབ་ནས་བཤད་དོན།“ཁྱེད་རང་གཟིགས་དང་། ལོ་འདི་དག་རིང་འཕེལ་རྒྱས་ཡག་པོ་གང་འདྲ་ཕྱིན་མི་འདུག་གམ། འདི་ལོ་ལག་ཡོད་ཕྱུགས་རིགས་འགོ་གྲངས་སྔོན་དཔག་བྱས་ན་1500ལྷག་ཙམ་ཟིན་པའི་ནང་བཞོན་མ་800ལྷག་ཙམ་ཡོད། སྔོན་དཔག་བྱས་ན་ལོར་འོ་མ་ཏུན་1900བབས་ནས་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་དང་མི་200ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་སྲིད”

“མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་དང་རྣམ་གྲངས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་ཆེད། ང་ཚོའི་བཞོན་མ་ཚང་མ་རང་གི་རྫོང་ནས་ཉོས་པ་ཤ་སྟག་རེད”བག་གྲོས“གསོ་སྤེལ་རྟེན་གཞིའི་བཞོན་མ་ཁག་དང་པོ་ནི་བཞོན་མ་རེར་ཆ་སྙོམས་རིན་གོང་སྒོར་ཁྲི་1སྤྲད་དེ་མང་ཚོགས་ཀྱི་ས་ནས་ཉོས་པ་ཡིན། ཁྱོན་བཞོན་མ་400ལྷག་ཙམ་ཡོད། བཞོན་མ་འདི་དག་སྤུས་ཀ་ལེགས་པ་མ་ཟད། དེ་བས་གལ་ཆེ་བ་ནི་མི་སེར་ཚོར་འབབ་འཕར་ཡོང་གི་འདུག”ཅེས་བཤད་བྱུང་།

ར་བའི་ནང་བྲེལ་བཞིན་པའི་ལས་མི་དེ་ནི་རི་ཐང་གྲོང་རྡལ་སྦྲ་གྲོང་ཚོའི་ཡུལ་མི་སྒྲོལ་མ་ཆོས་སྒྲོན་རེད། ཁོ་མོས“ང་ཆུང་དུས་ནས་རྐང་པ་ཐང་པོ་མེད་པས། ཕྱིར་གླ་པ་རྒྱུག་པར་འགྲོ་ཐབས་བྲལ། དེ་སྔོན་རྩ་བའི་ཆ་ནས་ཁྱིམ་དུ་སྡོད་ཀྱི་ཡོད། འདིར་ལས་ཀར་ཞུགས་རྗེས། ཟ་སྡོད་གཉིས་ལ་འགན་ལེན་ཐུབ་པ་མ་ཟད། ད་དུང་ཟླ་བ་རེར་གླ་ཆ་སྒོར་4000འདུག”ཅེས་བཤད་བྱུང་།

གཟན་རྩྭ་ནི་ཕྱུགས་ལས་འཕེལ་རྒྱས་མྱུར་པོ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་རེད། བག་གྲོས་མིག་སྔར་བཞོན་མ་རྟེན་གཞིས་མང་ཚོགས་ཀྱི་ས་ནས་ས་རྒོད་མུའུ་3000ལྷག་ཙམ་བོགས་མར་བླངས་ཏེ། གཟན་རྩྭ་འདེབས་པ་དང་མང་ཚོགས་ལ་ལོ་རེར་བོགས་དངུལ་སྒོར་400སྤྲོད་པ་ལས་མང་ཚོགས་ལ་ཕན་པ་ཐོབ་པ་དང་ཆབས་ཅིག གཟན་རྩྭ་ཉོ་བའི་མ་དངུལ་མང་པོ་ཞིག་ཀྱང་གྲོན་ཆུང་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པར་བརྟེན། ང་ཚོས་སྲིད་ཇུས་བཟང་པོའི་གོ་སྐབས་དམ་པོར་བཟུང་སྟེ། ཚང་མའི་སྣེ་ཁྲིད་དེ་བཞོན་མ་གསོ་སྤེལ་རྟེན་གཞི་སྒྲིག་འཛུགས་ལྡན་པ་དང་། གཞི་ཁྱོན་ལྡན་པ། ཕན་འབྲས་ལྡན་པ། ལས་ཞུགས་ཐུབ་པ་བཅས་ཀྱི་དེང་རབས་ཅན་གྱི་ཚན་རྩལ་མཐོ་བའི་གསོ་སྤེལ་རྟེན་གཞི་ཞིག་ཏུ་བསྐྲུན་ཏེ། མང་ཚོགས་དབུལ་པོ་དེ་བས་མང་བའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ཀྱི་ཡིན”ཞེས་བག་གྲོས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་བྱུང་།

(ཚེ་ལྷས་བསྒྱུར། སྤེན་ཚེས་ཞུས)