《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月09日

རྒྱལ་མཚན་རྡོ་རྗེས་གསུངས་དོན།

བྱ་བ་ཐ་དག་སྒྲུབ་ཕོད་པའི་སེམས་ཤུགས་ཡོད་དགོས།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་17ལོའི་རྩིས་གཉེར་འཛིན་གྲྭ་2པའི་སློབ་མ་རྒྱལ་མཚན་རྡོ་རྗེ་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་མོན་པ་བ་ཞིག་རེད། རང་ཉིད་ཀྱི་2019ལོའི་གང་བསམ་གང་བསྒྲུབས་སྐོར་བརྗོད་སྐབས། ཁོང་གིས་སྐད་ཆ་ཚིག་གཅིག་གིས་ཕྱོགས་སྡོམ་བྱས་པ་སྟེ། “ན་གཞོན་ཚོས་བྱ་བ་ཐ་དག་སྒྲུབ་ཕོད་པའི་སེམས་ཤུགས་ཡོད་དགོས”

2019ལོའི་ཟླ་8པར། རྒྱལ་མཚན་རྡོ་རྗེས་བར་སྐོར་ཚོང་གྲོང་གི་ཞིམ་ཟས་ཁྲོམ་གཞུང་དུ“རྡོ་ཁོག་བྱ་ཤའི”ཟ་ཁང་བཙུགས་པ་རེད། ཟ་ཁང་འཛུགས་པའི་ཐོག་མའི་བསམ་འདུན་བརྗོད་སྐབས་ཁོང་གིས། “རང་ཉིད་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་རྒྱུགས་འཕྲོད་པའི་ལོ་དེར་ངའི་ཕ་ཚེ་ལས་འདས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཡོངས་ཁུངས་དེ་མུར་མེད་པར་གྱུར་སོང་། དེས་ན། ངས་ལས་ཀ་ཞིག་བཙལ་ཏེ་འཚོ་བའི་གྲོན་དངུལ་ཏོག་ཙམ་གསོག་དགོས་བསམ་བྱུང་། སྐབས་དེ་དུས་ངས་རང་ཉིད་ཀྱི་མཐོ་འབྲིང་སློབ་གྲོགས་ཤིག་བཙལ་བ་ཡིན། ཁོ་པར་ཡང་ལས་གཏོད་བྱེད་པའི་སེམས་ཤུགས་ཀྱང་འདུག་པས། ང་གཉིས་ཀྱིས་ལྷ་ས་སྐྱིད་ཆུའི་འགྲམ་དུ་གྲོས་བསྡུར་ཡུན་རིང་བྱས་པ་ཡིན”ཞེས་བརྗོད།

ཐབས་བརྒྱ་ཇུས་སྟོང་བྱས་རྗེས། ཁོང་གཉིས་ལ་ཟ་ཁང་འཛུགས་པའི་མ་རྩ་རགས་ནས“རྡོ་ཁོག་བྱ་ཤའི”ཟ་ཁང་བཙུགས། “ཚང་མས་བྱ་བ་ཐམས་ཅད་འགོ་འཛུགས་དཀའ་ཞེས་བརྗོད་ཀྱི་ཡོད། ཉམས་མྱོང་མ་འདང་བའི་རྐྱེན་གྱིས་ཟ་ཁང་བཙུགས་རྗེས་ང་གཉིས་ལའང་དཀའ་ངལ་མང་པོ་འཕྲད་བྱུང་། དང་ཐོག་མར་ཟ་ཁང་དེ་ཁ་ཧྥེའི་ཁང་ནང་བཞིན་མཛེས་བཟོ་བྱས་པ་དང་། མཇུག་ཏུ་སླར་ཡང་མཛེས་བཟོ་ཐེངས་གཅིག་བྱས་པས་གཞི་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཆགས་སོང་། ཟ་ཁང་བཙུཌ་རྗེས་རྙོག་དྲ་ཆུང་ཆུང་རྫོཌ་རྒྱུ་མེད་པ་འཕྲད་ནའང་ཚང་མ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་རིམ་གྱིས་ཐག་གཅོད་ཐུབ་པ་དང་ཟ་ཁང་གི་ཚོང་ཡང་ཇེ་ཡག་ཏུ་ཕྱིན་སོང”ཞེས་རྒྱལ་མཚན་རྡོ་རྗེས་བརྗོད།