《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月09日

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ནོར་བུ་སྒྲོལ་མས་གསུངས་དོན།

རིམས་འགོག་སྨན་ཁབ་ཀྱི“བདེ་འཇགས་འགག་སྒོ”ནན་པོ་སྲུང་དགོས།

འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ནོར་བུ་སྒྲོལ་མས(གཡས)ཨུ་ཡོན་གཞན་དང་ལྷན་དུ་གྲོས་གཞིར་གྲོས་བསྡུར་གནང་བཞིན་པ།

རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ནི་བྱིས་པའི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད། “ལོ་རྒྱུས་ཐོག་ནན་ཤོས”ཀྱི་རིམས་འགོག་སྨན་ཁབ་ཀྱི་དོ་དམ་བཅའ་ཁྲིམས་ཡོངས་བསྒྲགས་བྱས་པ་དང་བསྟུན་ནས་མི་དེ་བས་མང་བས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་བློ་ཇེ་བདེར་སོང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་སྒྲོལ་མས་གཞི་རིམ་འཕྲོད་བསྟེན་རིམས་འགོག་ཚན་པས་རིམས་འགོག་སྨན་ཁབ་དོ་དམ་སུའོ་ལ་མཁོ་བའི་སྒྲིག་བཀོད་དང་སྒྲིག་ཆས་ཐག་གཅོད་བྱ་རྒྱུའི་སྐོར་གྱི་གྲོས་གཞི་ཞིག་ཁྱེར་ནས་འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཡོད།

2019ལོའི་ཟླ་12ཚེས་1ཉིན། རང་རྒྱལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་དོ་དམ་བྱ་ཐབས》དངོས་སུ་ལག་བསྟར་བྱས་པ་དང་། དོ་དམ་བྱ་ཐབས་དེའི་ནང་རྒྱལ་ཁབ་ཀྱིས་རིམས་འགོག་སྨན་ཁབ་ཀྱི་འཆར་འགོད་ལམ་ལུགས་ཁ་གསལ་བཏོན་ནས་རིམས་འགོག་སྨན་ཁབ་ཀྱི་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། རིམ་འགོག་སྨན་ཁབ་ཞིབ་བཟོ་དང་། ཐོན་སྐྱེད། འཁོར་རྒྱུག རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བཅའ་ཁྲིམས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་བཅས་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་ནུས་ལྡན་གྱི་བཅའ་ཁྲིམས་མཚོན་ཆ་མཁོ་འདོན་བྱས་ཡོད།

ནོར་བུ་སྒྲོལ་མས། འཕྲོད་བསྟེན་སྲིད་འཛིན་ཚན་པ་དང་རིམས་འགོག་ཚན་པ་ནི་སྤྱི་པའི་ཞབས་ཞུའི་ཚན་པའི་ཁོངས་སུ་གཏོགས་ཀྱི་ཡོད། དེར་སྨན་བཅོས་ཞབས་ཞུའི་ཡོང་འབབ་གང་ཡང་མེད་པ་དང་། གཞི་རིམ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སྤེལ་བའི་མ་དངུལ་གཙོ་བོ་གོང་རིམ་ནས་འོག་རིམ་ལ་བཏང་བའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དང་སྤྱི་སྤྱོད་འཕྲོད་བསྟེན་གྱི་མ་དངུལ་ལ་བརྟེན་དགོས་ཀྱི་ཡོད། མ་དངུལ་དེ་གཉིས་བེད་སྤྱོད་བྱེད་པའི་ཐད་ཀྱི་ཡིག་ཆའི་ནང་རིམས་འགོག་སྨན་ཁབ་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་ཚད་ལྡན་དུ་གཏོང་རྒྱུའི་འབྲེལ་ཡོད་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་ཐད་གསལ་བཤད་བྱས་མེད་ལ། རང་ལྗོངས་སུ་ད་བར་རིམས་འགོག་སྨན་ཁབ་དོ་དམ་ཚད་ལྡན་དུ་གཏོང་བའི་ཆེད་དོན་མ་དངུལ་ཡང་བཙུགས་མེད་ཅེས་གསུངས།

གཞི་རིམ་ཚན་པའི་དོ་དམ་ཚད་ལྡན་དུ་གཏོང་རྒྱུ་ནི་རིམས་འགོག་སྨན་ཁབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི“མཐའ་མའི་འགག་གནད”ཤར་གཏོང་བྱ་རྒྱུ་དེ་རེད། ནོར་བུ་སྒྲོལ་མས“རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ནི་འཛམ་གླིང་ཐོག་གི་རིམས་འགོག་སྨན་ཁབ་ཡག་ཤོས་ཀྱི་གྲས་ཤིག་ཡིན་དགོས་ངེས་རེད། ང་ཚོའི་གཞི་རིམ་སྨན་བཅོས་མི་སྣས་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་ལེགས་སུ་གཏོང་བ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་ལག་རྩལ་ལ་ཤུགས་སྣོན་རྒྱག་པ། རིམས་འགོག་སྨན་ཁབ་རྒྱག་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་གྲལ་བཤེར་བྱེད་པ་བཅས་ཀྱི་ཐོག་ནས་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་ལམ་ལུཌ་ལག་བསྟར་བྱེད་པ་དང་དེ་བཞིན་རིམས་འགོག་སྨན་ཁབ་རྒྱག་པའི་ཐད་ནམ་རྒྱུན་དང་མི་འདྲ་བའི་སྨན་ལོག་ལ་ལྟ་ཞིབ་ཡག་པོ་བྱེད་རྒྱུ་ནི་རིམ་ཁག་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་དང་རིམས་འགོག་ཚན་པས་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་དང་འོས་འགན་ཞིག་རེད”ཅེས་གསུངས།