《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月08日

2019ལོའི་ ལས་དོན་ལ་ཕྱིར་མིག་ལྟ་བ།

བཞི

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ཡོད།

ལས་ཞུགས་ཐད་འགག་སྒྲོལ་གསར་པ་བྱུང་བ།

སྲིད་ཇུས་ཀྱི་འགན་སྲུང་དང་ལས་ཞུགས་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ཐོག མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ལས་ཞུགས་བྱེད་པའི་ལས་གནས་ཁྲི་6ལྷག་ཙམ་བཟོས་པ་དང་མི་ཁྲི་2.3ལས་ཞུགས་ཐུབ་ཡོད། སྒྲིག་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ཚད་གཞི་ཆེ་རུ་བཏང་སྟེ་ཞིང་འབྲོག་པ་གནས་སྒྱུར་ལས་ཞུགས་ཐུབ་པ་མི་གྲངས་ཁྲི་57.1ཟིན་པ་དང་། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་34.8བྱུང་བ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་རྒྱུན་མཐུད་ནས་བབ་བསྟུན་ལས་ཞུགས་ཐུབ་པ་བཟོས་ཡོད། “མངག་སྒྲུབ་ཁ་ཕྱོགས་གཏན་འཁེལ་གྱི”ལས་རིགས་རྩལ་ནུས་སྦྱོང་བརྡར་ཧུར་ཐག་སྤེལ་ཏེ། རིགས་ཁག་གི་རྩལ་ནུས་ཤེས་ལྡན་པ་མི་ཁྲི་4.6ལ་སྦྱོང་བརྡར་སྤྲས་པ་དང་། རང་བརྟེན་ལས་གཏོད་ཐུབ་པ་མི་554ཟིན་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་3%ནང་ཚུད་ཡིན་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་བྱེད་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ཡས་མས་ཡིན་པ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་འཕར་མ་ཁྱོན་བསྡོམས་མི་ཁྲི་5.2ཟིན་པ་བཅས་ལོ་འཁོར་གྱི་དམིགས་ཚད་ཚད་བརྒལ་ལེགས་གྲུབ་བྱུང་ཡོད།

སྤྱི་ཚོགས་འགན་སྲུང་ཐད་ལ་གྲུབ་འབྲས་གསར་པ་ཐོབ་པ།

དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་ལ་ཞུགས་ཚད་མི་ཐེངས་ཁྲི་658ཟིན་ཡོད། དམངས་འཚོའི་ཚད་གཞི་མཐོར་འདེགས་ཀྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐད་ཀྱི་རྨང་གཞིའི་རྒན་གསོའི་དོད་དངུལ་ཚད་གཞི་སྒོར་180ལ་སྤར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ནས་ཁ་གསབ་སྤྲོད་ཚད་མི་རེར་ཆ་སྙོམས་སྒོར་555ལ་སྤར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་ཆེན་འགན་བཅོལ་དང་ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་ཐད་ཀྱི་འགན་དངུལ་ཁག་སོ་སོར་མི་རེར་ཆ་སྙོམས་སྒོར་72དང་སྒོར་33ལ་སྤར་ཡོད། ལྷོ་ནུབ་ཁུལ་ཁོངས་ཀྱི་ཞིང་ཆེན་ལས་བརྒལ་བའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་དུས་རྩིས་རྒྱག་ཐུབ་པ་བཟོས་པ་དང་། དབང་པོ་སྐྱོན་ཅན་གྱི་བྱིས་པ་དྲག་སྐྱེད་རོགས་སྐྱོབ་བྱེད་པའི་ལམ་ལུགས་བཟོས་ཡོད། དབུལ་པོའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། བྱིས་པ་སོགས་དམིགས་བསལ་མི་ཚོགས་ལ“འགན་སྲུང་བྱེད་དགོས་རིགས་ཚང་མར་འགན་སྲུང་དང་རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་ཐུབ་པ”བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཟོག་གོང་ཐད་ཀྱི་གནས་སྐབས་ཁ་གསབ་སྤྲོད་པའི་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཚང་སྒྲིག་ཁྲི་3.9བརྒྱབ་པ་དང་གྲོང་གསེབ་ཀྱི་དུད་ཚང་ཁྲི་4.4ཡི་ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་ལེགས་གྲུབ་ཟིན་པ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་སོང་ཡོད།

ལྔ

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱས་ཡོད།

རྣམ་གསར་གྱི་གྲོང་ཁྱེར་གྲོང་རྡལ་ཅན་ལ་སྐུལ་སྤེལ་བརྟན་པོ་བཏང་བ།

གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ལམ་དང་། ཟམ་པ། ཆུ་འདོན་ཆུ་འགྲོ་སོགས་གྲོང་ལས་སྒྲིག་བཀོད་གང་མགྱོགས་ལེགས་སུ་བཏང་ཞིང་། རྫོང་གྲོང་གི་སྤྱི་སྤྱོད་ཆུ་འདོན་ཁྱབ་ཚད་69%ཟིན་ཡོད་པ་དང་། ས་བབ་མཐོ་བའི་རྫོང་གྲོང་གི་དྲོད་གཏོང་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ས་མཐོའི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་གོང་འཕེལ་ཧུར་ཐག་བཏང་ཡོད། ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་ཁག་26འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། སྨར་ཁམས་ཆུ་ཚན་ཁ་ཤང་དང་སྤུ་ཧྲེང་བར་ག་ཤང་སོགས་ཤང་དང་གྲོང་རྡལ་7རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྱོང་བྱེད་པའི་མིང་གཞུང་ནང་ཚུད་ཡོད།

ཁུལ་ཁོངས་ཆགས་གཞི་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་བ།

བོད་དབུས་དཔལ་འབྱོར་ཁུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་སྔར་བས་ཆེ་རུ་སོང་ཞིང་། གཞིས་རྩེ་དང་ཉིང་ཁྲིར་རང་སྐྱོང་ལྗོངས་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་པ་དང་། བོད་ཤར་རྒྱུད་ཀྱི་གྲོང་རྡལ་འཛུགས་སྐྲུན་དང་ཐོན་ལས་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོབ་པ། བོད་བྱང་ཐང་དང་བོད་ནུབ་རྒྱུད་ཀྱི་ཁྱད་ལྡན་ཡུལ་སྐོར་དང་ཕྱུགས་ལས་དཔལ་འབྱོར་ལ་གོང་འཕེལ་གསར་པ་བྱུང་ཡོད། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”དང་“ལེ་དབར་བརྒྱ་ཡི་སྐྱེ་ཁམས”འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། མཚོ་བོད་ལྕགས་ལམ་གྱི་དཔལ་འབྱོར་རྒྱུད་དང་། ཁྲོན་བོད་དང་། ཡུན་བོད། ཤིན་བོད་བཅས་ཀྱི་གཞུང་ལམ་དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད།

དྲུག

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ཡོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གྲྭ་ཡག་པོ་གཉེར་བ།

སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་པ་དང་སྐྱེ་ཁམས་ཁྱབ་ཁོངས་སུ་གཏོང་ཆ་འཕར་ཚད་20%ཡན་ཟིན་ཡོད། མཚོ་སྣ་རྫོང་ལེགས་པོ་རོང“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”དུ་དཔྱད་འདེམས་བྱས་ཡོད། གཙང་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་བཟོ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འབྱུང་འཕྲོད་ཨར་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་428.2ཟིན་ཡོད། ས་བབ་མཐོ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ནས་མི་4058གནས་སྤོས་ཡོད། གཞིས་རྩེའི་ཇོ་མོ་གླང་མ་སྲུང་སྐྱོབ་བྱེད་པར་བྱ་ཐབས་གསར་པ་སྤྱད་པ་དང་། ལྷ་སའི་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གྲྭ་བདེ་བླག་ངང་སྤེལ་བ། ནག་ཆུར་ཚན་རིག་དང་མཐུན་པའི་ཤིང་འཛུགས་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་གླིང་དང་། བྱེ་སྐྱོན་འགོག་བཅོས། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ཤིང་འཛུགས་སྔོ་འགྱུར་ལས་གཞི་བཅས་རྒྱུན་མཐུད་སྤེལ་ཞིང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་130.7བྱས་པ་དང་། ཆ་རྐྱེན་འཛོམས་པའི་ས་ཆར་གྲོང་ཚོ་དང་། དུད་ཚང་། ཚན་པ་བཅས་ལ་སྐྱེ་ཤིང་འཛུགས་པའི་དམིགས་ཚད་ལས་འགན་ཚང་མ་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།

ཁོར་ཡུག་ལྟ་འདོམས་དང་བཅོས་སྐྱོང་གི་མ་ལག་རྒྱུན་མཐུད་ལེགས་སུ་བཏང་བ།

ཀྲུང་དབྱང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་བྱས་རྗེས་བཏོན་པའི་བཅོས་སྒྲིག་ལས་འགན་ཁག་45སྒྲུབ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཞིབ་དཔྱད་བྱ་ཡུལ་དེ་ལྗོངས་ཐད་གཏོགས་སྡེ་ཚན་དང་ས་གནས(གྲོང་ཁྱེར)ཁག་ལ་རྒྱ་སྐྱེད་བཏང་ཡོད། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་དང་སྤྱོད་སྒོ་དོ་དམ་བྱེད་པའི་ལམ་ལུགས་ཆ་ཚང་པོ་བཟོས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཀའི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་མཐོ་ཚད། སྐྱེ་ཁམས་ཁོར་ཡུག་གི་འཇུག་འཐུས་གསལ་ཐོ་བཅས་གོ་རིམ་ལྡན་པའི་ངང་བཟོ་སྒྲིག་བྱས་ཡོད། གཏེར་ཁའི་ས་གཤིས་ཁོར་ཡུག་བཅོས་སྐྱོང་དང་སླར་གསོའི་ཐེབས་རྩའི་ལམ་ལུགས་བཟོ་བའི་བསྒྱུར་བཅོས་བྱས་ཏེ་ལོ་རྒྱུས་ཐོག་ཤུལ་ལུས་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོར་སྐུལ་སྤེལ་བཏང་ཡོད།

བདུན

བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་འབྲས་ཆེ་རུ་བཏང་ཡོད།

སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་རྒྱུན་མཐུད་སྲ་བརྟན་དུ་བཏང་བ།

“རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། ཐེག་པ་ཁུར་ལེན་ཕོད་པའི་ཐོག་ནས་འགན་འཁྲི་དོན་འཁྱོལ་ཐུབ་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བའི”བླང་བྱ་དོན་འཁྱོལ་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་ཡོད། དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་གཏིང་ཟབ་ཏུ་བཏང་སྟེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྒོར་འགོག་ཟོན་བྱས་པ་དང་རྡུང་རྡེག་བཏང་ཡོད། སྤྱི་བདེའི་གྲངས་གཞི་ཆེ་མོ་རིག་ནུས་ཅན་གྱི་ཉེར་སྤྱོད་ལ་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་འགོག་ཟོན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་བརྟན་པོའི་ངང་འཛུགས་སྐྱོང་བྱས་ཡོད། མང་ཚོགས་ཀྱིས“རང་འགུལ་ངང་བརྟན་ལྷིང”སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད། འགལ་བ་དང་རྩོད་རྙོག་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་93.5%ཟིན་པ་དང་། ཉེས་དོན་གྱོད་གཞི་ཐོན་ཚད་8.1%ཆག་ཡོད། ནག་སེལ་གཤེད་འཇོམ་གྱི་ཆེད་དོན་འཐབ་རྩོད་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོག་རྡུང་ཟིང་བཅོས་དང་གཡེམ་སེལ་ལོག་རྡུང་བྱེད་སྒོ་གཏིང་ཟབ་སྤེལ་ཡོད་པ་བཅས་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱས་འབྲས་དེ་བས་སྲ་བརྟན་དུ་བཏང་ཡོད།

མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ།

གཞི་རྟེན་བྱེད་ཐབས་ནང་དོན་བཅས་གསུམ་ཕུན་སུམ་ཚོགས་སུ་བཏང་བ་དང་། དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་24དང་དཔེ་བཟང་མི་སྒེར་30ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་ཡོད། གཞིས་རྩེ་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་དང་། ལྷོ་རོང་རྫི་ཐོ་གྲོང་རྡལ་དང་སྦྲ་ཆེན་རྫོང་སློབ་འབྲིང་སོགས་ཚན་པ་5ལ་དུས་ཁག་བདུན་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མཚན་སྙན། བོད་ལྗོངས་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་དང“ལམ་གཉིས”ཀྱི་སྙིང་སྟོབས་དྲན་གསོ་ཁང་ལ་དུས་ཁག་དྲུག་པའི་རྒྱལ་ཡོངས་ཀྱི་མི་རིགས་ཡར་ཐོན་སློབ་གསོའི་རྟེན་གཞིའི་མཚན་སྙན་བཅས་ཐོབ་ཡོད། མི་འབོར་ཅུང་ཉུང་བའི་མི་རིགས་གོང་འཕེལ་སྔར་བས་མགྱོགས་སུ་ཕྱིན་ཡོད། ལྗོངས་ཕྱིའི་མང་ཚོགས་དེ་བས་མང་བ་བོད་དུ་བྱ་གཞག་དར་སྤེལ་དང་གསར་གཏོད་བྱེད་པར་ཡོང་བ་དང་། ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་རིམ་སློབ་ཐོན་སློབ་མ་1730ལྗོངས་ཕྱིར་ལས་ཞུགས་བྱས་ཡོད། མི་རིགས་བྱ་བར་ཁྲིམས་བཞིན་བཅོས་སྐྱོང་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཁྲིམས་བཞིན་འགན་སྲུང་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི“ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང“མོས་སེམས་ལྔ”སྔར་བས་བརྟན་དུ་སོང་ཡོད།