《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月08日

ཚོང་དོན་ལམ་ལུགས་སྒྱུར་བཅོས་ལས་བོད་ཀྱི་ཁྲོམ་རའི་གསོན་ཤུགས་འཕེལ་བ།

“དེ་སྔ་ཁེ་ལས་གསར་པ་གཉེར་བར་འགྲོ་ལུགས་རྙོག་འཛིང་ཆེ་ལ་དུས་ཡུན་རིང་པོ་འགོར་བ་དང་། ད་ལྟ་འགྲོ་ལུགས་སྟབས་བདེ་ལ་དུས་ཡུན་ཐུང་བས་ཧ་ཅང་སྟབས་བདེ་པོ་འདུག” “དེ་སྔ་ཞིབ་མཆན་འགོད་པའི་སྐོར་གླེང་མ་ཐག་རྙོག་དྲ་ཆེ་བ་དང་། ད་ཆ་ཉིན་ཁ་ཤས་ནང་གཉེར་ཚར་གྱི་འདུག འབུལ་རྒྱུའི་དཔྱད་གཞི་ཡང་ཉུང་དུ་ཕྱིན་འདུག་ལ་འགའ་རེ་ཐེངས་གཅིག་ལས་འགྲོ་མི་དགོས་པར་ལག་ཁྱེར་རག་གི་འདུག” ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་ལས་སྒོའི་ཚོམས་ཆེན་ནས་དོན་དག་བསྒྲུབས་པར་ཡོང་མཁན་ཁེ་ལས་ཀྱི་སྦྱིན་བདག་གིས་རང་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཐད་བསྔགས་བརྗོད་ཚད་མེད་བྱེད་པ་མཐོང་བྱུང་།

ཚོང་དོན་ལམ་ལུགས་ཀྱི་སྒྱུར་བཅོས་ལས་དོན་ནང་རང་ལྗོངས་ཀྱི་བཟོ་ཚོང་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ“གྲི་དངོ་ནང་དུ་ཕྱོགས་པ”དང“རང་ངོས་གསར་བརྗེ”བྱེད་ཕོད་པ་བྱས་ནས་སྣེ་ཁྲིད་ཀྱིས་སྒྱུར་བཅོས་ཐད་དམ་འཛིན་གཙོ་བོ་བྱས་པས་ཁྲོམ་རའི་འཇུག་འཐུས་དང་། ཡིད་རྟོན་ལྟ་འདོམས། ཞབས་ཞུ་ལེགས་གཏོང་བཅས་ཐད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་བཟོ་ཚོང་དཔུང་ཁག་གི་བསམ་བློའི་འདུ་ཤེས་དང་། ལས་ཀའི་བྱ་ཐབས། ལས་ཀའི་སྤྱོད་ཚུལ་བཅས་ལ་འགྱུར་ལྡོག་ཆེན་པོ་གསུམ་བྱུང་བ་དང་། ཁྲོམ་རའི་འཇུག་འཐུས“བཀག་རྒྱ”ནས“གློད་པའི”བར་དང་སླར་ཡང་ཆ་འཕྲིན་ཅན་དང་རིག་ལྡན་ཅན་བར་གྱི“ཚད་བརྒལ་ཆེན་པོ་གསུམ”བྱུང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་ཇེ་མཐོར་ཕྱིན་ཡོད་པ་རེད།

དེ་དང་ཆབས་ཅིག་ཞབས་ཞུའི་རྣམ་པའི་བཟོ་ཚོང་མགྱོགས་མྱུར་བསྐྲུན་པ་དང་། ཐོ་འགོད་ཀྱི་འགྲོ་ལུགས་སྟབས་བདེ་རུ་ཕྱིན་པ། “སྐར་ཁུང་གཅིག་ནས་སྒྲུབ་གཉེར”དང“འགན་འཁྲིའི་ལམ་ལུགས་ཐོག་མར་གཉེར་བ”སོགས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། “རེའུ་མིག་གཅིག་དང་། དཔྱད་གཞིའི་ཡིག་རིགས་ཆ་ཚང་གཅིག སྐར་ཁུང་གཅིག་ནས་ཐོ་འགོད”ཁྱབ་གདལ་བཏང་ནས་ཁེ་ལས་ཀྱི་རེ་ཞུའི་དཔྱད་གཞི་53.8%ཉུང་དུ་དང་ཚད་ལྡན་ཡིག་ཆ་33.3%ཉུང་དུ་ཕྱིན་ནས་ཐོ་འགོད་ཀྱི་ལས་ཕྱོད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད། “དྲ་སྦྲེལ་དང་སྲིད་གཞུང་གི་ཞབས་ཞུ་ཟུང་དུ་འབྲེལ་སྟངས”ཁྱབ་གདལ་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་གློག་རྡུལ་ཅན་དང་གློག་རྡུལ་ལས་གཉེར་ལག་ཁྱེར་མ་ལག་བཙུགས་ཏེ་ཁེ་ལས་ཀྱི་མིང་དྲ་ཐོག་ནས་རང་བརྟེན་རེ་ཞུ་བྱེད་པ་དང་། ཐོ་འགོད་ཚོམས་ཆེན་གྱི་སྐད་འཕྲིན་སྔོན་མངགས་ཨང་འབོད་མ་ལག་ཤར་གཏོང་བྱས་པས་སྲོལ་རྒྱུན་གྱི“ངོ་ཐུག་གདོང་འཕྲད”ཀྱི་ཞབས་ཞུ་དེ་དྲ་ཐོག་ནས་སྒྲུབ་པའི་བར་རིམ་བཞིན་གྱུར་ཏེ། སྒོ་ནས་དོན་མི་དགོས་པར་བཟོ་ཚོང་ལས་གཉེར་ལག་ཁྱེར་གཉེར་རྒྱུ་མངོན་འགྱུར་ཐུབ་ཡོད། མིག་སྔར་ཐོ་འགོད་ལས་སྒོ་85%ཡན་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུ་མངོན་འགྱུར་བྱུང་ཡོད།

ཚོང་དོན་ལམ་ལུགས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བས་འཇུག་འཐུས་ཁོར་ཡུག་དེ་བས་ཡངས་ལ་སྟབས་བདེར་གྱུར་བ། བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“ཁེ་ལས་རེར་ལག་ཁྱེར་རེ”ཁྱབ་གདལ་བཏང་སྟེ། ཐོན་རྫས་ཀྱི་རིགས་38ནས་24བར་ཉུང་དུ་ཕྱིན་པ་དང་། ལག་ཁྱེར་མ་སྤྲད་གོང་གི་ཐོན་རྫས་ཞིབ་བཤེར་མེད་པར་བཟོས་པ། ལག་ཁྱེར་ལེན་པའི་དུས་ཚོད་ཁྲིམས་གཏན་འཁེལ་བའི་ཉིན་60ནས་ཉིན་8.5བར་ཐུང་དུ་བཏང་བ། དམིགས་བསལ་རིགས་ཀྱི་སྒྲིག་ཆས་ཀྱི་སྲིད་འཛིན་ཆོག་འཐུས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། དམིགས་བསལ་རིགས་ཀྱི་སྒྲིག་ཆས་ཀྱི་ཆོག་འཐུས་རིགས་ཆེན་པོ་3དང་རིགས་ཆུང་བ་18གཤམ་སྤྲོད་བྱས་པ། བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་ཆོག་འཐུས་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་བཟའ་བཅའི་ཐོན་སྐྱེད་ཆོག་འཐུས་དྲ་ཐོག་ནས་བརྒྱུད་རིམ་ཧྲིལ་པོའི་སྒྲུབ་གཉེར་བྱ་རྒྱུ་ཁྱབ་གདལ་བཏང་བ། དམིགས་བསལ་བཟའ་བཅའི་ཐོ་འགོད་སྙན་སེང་ལ་སྐུལ་འདེད་བཏང་བ་བཅས་བྱས་པས་ཞིབ་མཆན་འགོད་པའི་དུས་ཡུན་སྔར་བས་ཐུང་དུ་ཕྱིན་ཡོད་པ་རེད། སྨན་རྫས་དང་སྨན་བཅོས་ཡོ་བྱད་དཔྱད་བསྡུར་དང་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྨན་རྫས་ཐོ་འགོད(ཐོ་འགོད་སྙན་སེང)ཀྱི་རེ་ཞུའི་དོན་ཚན་གྱི་ཞིབ་མཆན་31ལེགས་སྒྲུབ་བྱུང་བ་དང་། སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཐོ་འགོད(ཁ་གསབ)རེ་ཞུའི་དོན་ཚན་17ལ་ཞིབ་མཆན་བཀོད་པ་དང་། གཞི་རིམ་གྱི་བོད་སྨན་སྨན་སྦྱོར་ཐོ་འགོད་སྙན་སེང་ཁག་708དཔྱད་སྤྲོད་བྱས་པ་རེད།

ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཕྲན་ཚེགས་ཁེ་ལས་ཀྱི་མིང་ཐོའི་མ་ལག་བཙུགས་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཡིག་ཆ་དོན་ཚན་180ལྷག་ཙམ་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་ནས་རེ་ཞུའི་འདེགས་སྐྱོར་ཕྱོགས་སྟོན་དོན་ཚན་50ལྷག་ཙམ་མཁོ་འདོན་བྱས་པ། ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་དུ་གྱུར་ཚད་མཐོ་རུ་བཏང་ནས་བོད་ཀྱི་ཚོང་རྟགས་སྒྲུབ་གཉེར་སྐར་ཁུང་བཙུགས་པ། “བདུད་རྩི”དང“ལྷ་སའི་ས་གཙང”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་སོགས་གཞི་ཁྱོན་ལྡན་པ་དང་འགྲན་ནུས་ལྡན་པའི་སྤུས་རྟགས་ཁག་གཅིག་ཐོ་འགོད་བྱས་པ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)