《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月08日

སྲི་གཅོད་ཚེ་རིང་གིས།

2019ལོར“དབུལ་ཞྭ”ཕུད་ཐུབ་བྱུང་།

སྲི་གཅོད་ཚེ་རིང་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སྐྱུང་ཚང་ཤང་གྲོང་ཚོ་གཉིས་པའི་གྲོང་མི་ཡིན་པ་རེད། དེ་སྔ་ཁོ་པས་ཉིན་ལྟར་ཆང་ཁང་དང་། ཇ་ཁང་། རོལ་རྩེད་ཁང་བཅས་སུ་ཆང་རག་འཐུང་བ་དང་རྒྱག་རེས་བརྒྱབ་ནས་བསྡད་དེ། རང་ཉིད་ཀྱི་འབྱུང་འགྱུར་ལ་འཆར་གཞི་གང་ཡང་མེད་པས་གྲོང་ཚོའི་ནང་གི་མི་སུས་ཀྱང་དགའ་པོ་མི་བྱེད་པའི་གཞོན་ནུ་ཁྲམ་པ་ཞིག་རེད།

སྲི་གཅོད་ཚེ་རིང་2019ལོའི་ལོ་འགོར་གཉེར་བའི“བློ་སྐྱོར་རིག་སྐྱོར”གྱི་སློབ་གསོའི་འཛིན་གྲྭར་ཞུགས་པ་རེད། གསོ་སྦྱོང་འཛིན་གྲྭའི་དགེ་རྒན་གྱི་འགྲེལ་བཤད་དང་ཁྲིད་སྟོན་བརྒྱུད། ཁོང་གིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དང་འབྲེལ་ཡོད་ཁྲིམས་ལུགས་ཤེས་རྟོགས་བྱུང་སྟེ། དེ་ནས་བཟུང་། སྲི་གཅོད་ཚེ་རིང་གིས་མི་གསར་པ་ཞིག་བྱེད་རྒྱུའི་སེམས་ཐག་བཅད་པ་རེད།

ཤང་སྲིད་གཞུང་གི་མཐུན་སྦྱོར་འོག སྲི་གཅོད་ཚེ་རིང་གིས་སྐྱུང་ཚང་ཤང་འགུག་རྩེ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་ཨར་སྐྲུན་ས་ཚིགས་སུ་ས་ཕག་རྒྱག་རྒྱུ་འགན་གཙང་བླངས་ཡོད། སྲི་གཅོད་ཚེ་རིང་གིས་ཉིན་མཚན་མེད་པར་ཧུར་བརྩོན་ཆེན་པོས་ལས་ཀ་བྱེད་ཀྱི་ཡོད། “འཕྲོ་བརླག་བཏང་བའི་སྔར་སོང་གི་དུས་ཚོད་ད་ཆ་ཁ་གསབ་བྱེད་ཀྱི་ཡིན”ཞེས་ཁོང་གིས་དེ་ལྟར་བརྗོད་ཀྱི་ཡོད།

ལོ་གཅིག་སོང་རྗེས་སྲི་གཅོད་ཚེ་རིང་གིས་རྩིས་བརྒྱབ་པ་ལས། ཁྱིམ་ཚང་གི་འཚོ་བའི་འགྲོ་གྲོན་ཕུད་ལོ་གཅིག་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་ཡོད་པ་རེད།

སྐྱུང་ཚང་ཤང་གྲོང་ཚོ་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་གྱིས་སྲི་གཅོད་ཚེ་རིང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་མཁན་ལ་གྱུར་ཡོད། ཁོ་པའི་ལས་གཏོད་ཕྱུག་འགྱུར་གྱི་གཏམ་རྒྱུད་ཀྱང་སྐྱུང་ཚང་ཤང་གི་དཔེ་མཚོན་མི་སྣ་གསོན་པོ་ཞིག་ཏུ་གྱུར་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)