《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月08日

དཀའ་བ་སྤྱད་ནས་འཕེལ་རྒྱས་བཏང་། དངོས་དོན་བསྒྲུབས་ནས་མདུན་དུ་སྐྱོད།

2019ལོར། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་ཐད་ལ་གནང་བའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མ་ལག་ལེགས་སྒྱུར་མཐའ་འཁྱོངས་དང་སྒྱུར་བཅོས་བྱས་པ་བརྒྱུད་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོས་པ་ལས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་བབ་ལ་མི་རྣམས་དགའ་བ་སྐྱེས་འོས་པ་ཞིག་བྱུང་ཞིང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་ཡོད་པ་རེད།

2019ལོར་སྔོན་དཔག་བྱས་ན། རང་ལྗོངས་ཀྱི་ལོ་འཁོར་གྱི་དཔལ་འབྱོར་9%ཡས་མས་འཕར་བ་དང་། ཞིང་འབྲོག་པའི་ཡོང་འབབ་13%ཡས་མས་འཕར་བ། མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང(ཆུས)དབུལ་པོ་19ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བཅས་བྱུང་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་ཡག་པོ་བསྡུ་བ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་ཀྱི་རྨང་གཞི་སྔར་བས་བརྟན་པོ་བཏིང་ཡོད་པ་རེད།

“སྔོན་དཔག་བྱས་ན། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་7%འཕར་རྒྱུ་དང་ཆ་འཕྲིན་འཛད་སྤྱོད་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་55ཟིན་རྒྱུ་རེད། སྨན་ཁང་20.8%ལ་རིག་ལྡན་སྨན་བཅོས་དང་། སློབ་གྲྭ་38.85%ལ་རིག་ལྡན་སློབ་ཁྲིད་སོ་སོར་ཁྱབ་གདལ་གཏོང་རྒྱུ་དང་། 5Gཚོད་ལྟའི་དྲ་རྒྱ་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་བཏང་སྟེ། སྲིད་འཛིན་གྲོང་ཚོར་འོད་འགྱེད་ཚི་སྐུད་ཁྲིད་ཚད་དང་4Gཁྱབ་ཚད་གཉིས་ཀ་98%ལས་བརྒལ་རྒྱུ་རེད།

2019ལོར། རང་ལྗོངས་ཀྱི་དམངས་འཚོ་ལེགས་གཏོང་གི་སྤྱིའི་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་དང་། དམངས་འཚོའི་འགྲོ་གྲོན་གྱིས་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བཅུ་ཆ་དྲུག་ཡན་བཟུང་བ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98%ལས་བརྒལ་ནས་ཁྲོམ་རའི་ལས་ཞུགས་དེ་ཐབས་ལམ་གཙོ་བོར་གྱུར་ཡོད།

2019ལོར། ནག་ཆུ་རྫོང་ཉི་མ་ཤང་གིས་དུད་ཚང་དབུལ་པོ་2335ཡི་མི་གྲངས་9560དབུལ་སྒྲོལ་ཐུབ་ནས་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་བྱེད་རྒྱུའི་ལས་འགན་ལེགས་གྲུབ་བྱུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་མ་རྫོང་གི་རྫོང་དཔོན་བསྟན་པས་གསུངས་དོན། སྤུས་ཚད་མཐོ་པོའི་ངང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་། དུས་བཀག་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱ་ཆེད། རྫོང་དེས་མ་དངུལ་སྒོར་ཁྲི་26826བཏང་ནས་དུད་ཚང་1224ཡུལ་གཞན་དུ་གནས་སྤོས་བྱས་པ་དང་ཆབས་ཅིག ཐོན་ལས་དབུལ་སྐྱོར་རྣམ་གྲངས་43གནད་སྨིན་འབྲེལ་མཐུད་བྱས་པས་མི་ཐེངས་1452ལས་ཞུགས་ཐུབ་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར9595བྱུང་སྟེ། འབྱོར་འབྲིང་ལམ་བུའི་ཐོག་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད།

དོན་དག་རེ་རེ་བཞིན་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་པ་དང་བྱ་བ་རེ་རེ་བཞིན་མཐར་ཕྱིན་པ་བྱས་པ། 2019ལོར། རང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོའི་བདེ་རྩ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་བཅས་རིགས་ཆེ་གྲས་བཞིའི་དམིགས་ཚད་38ལེགས་གྲུབ་བྱུང་ཚད་ཡག་པོ་ཡོད་པ་སྟེ། དམིགས་ཚད་ཁག་13སྔོན་ལ་ལེགས་གྲུབ་བྱུང་བ། གཙོ་གནད་དམིགས་ཚད་སྔོན་དཔག་དང་འཚམ་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་རྫོང་དཔོན་མཆོག་ཕྲུག་རྡོ་རྗེས་གསུངས་དོན། བྲག་གཡབ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཁག་84འཆར་འགོད་བྱས་པ་དང་། 2016-2019ལོ་བར་རྫོང་དེས་ཐོན་ལས་དབུལ་སྐྱོར་ཐད་མ་དངུལ་སྒོར་ཁྲི་48481.26བཏང་སྟེ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཚམ་པའི་ཚོང་གཉེར་ཁོར་ཡུག་བཏོད་པ་ལས་རང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དུས་བབ་ཀྱང་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་རེད། ལོ་གཅིག་རིང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་ལས་ཁྲོམ་རའི་བྱེད་པོ་ཁྲི་7.15མང་དུ་ཕྱིན་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་ལས་ཞུགས་མི་སྣ་ཁྲི་125ཡན་ཟིན་པ། “གཉིས་གཏོད”ཀྱི་གཞི་རྟེན་131བཙུགས་པ་དང་ཁེ་ལས་2129སྐྱོང་གསོ་བྱས་པར་མི་ཁྲི་1.54ལས་ཞུགས་ཐུབ་ཡོད།

བོད་ལྗོངས་མཆོག་ནོར་ཚན་རྩལ་ཚད་ཡོད་ཀུང་སི་འཛུགས་མཁན་བསྟན་འཛིན་ནོར་བུ་ནི་མཐའ་མཚམས་གྲོང་གསེབ་ནས་ཡོང་བའི་སློབ་ཆེན་སློབ་མ་ལས་གཏོད་པ་ཞིག་ཡིན། “ང་ཚོ་ལས་གཏོད་བྱེད་པར་ཏང་ཨུད་དང་སྲིད་གཞུང་གི་ལྕག་སྐུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། སླད་ཕྱིན་ཀྱི་འཕེལ་རྒྱས་ཐད་ངེས་པར་དུ་ཕ་ཡུལ་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ཆེད། དུས་ཚོད་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་བྱས་ནས་གདེང་ཚོད་ཡོད་པའི་ངང་མདུན་སྐྱོད་བྱེད་རྒྱུ་ཡིན”ཞེས་བསྟན་འཛིན་ནོར་བུས་ཚོར་སྣང་ཟབ་པོའི་ངང་བརྗོད་པ་ལས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་གཏོད་པ་ཚོའི་ཐུན་མོང་གི་བསམ་ཚུལ་མངོན་ཡོད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)