《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月08日

བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཀྱིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་སོ་སོར་གཟིགས་པ་དང་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་6ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཆོས་ལུགས་རིགས་ཁོངས་ཀྱི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་གནང་ཡུལ་དུ་ཕེབས་ནས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། ཚང་མ་དང་ལྷན་དུ་གྲོས་བསྡུར་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་ཀྱི་ཨུ་ཡོན་རེ་རེ་བཞིན་ལ་ཕྱག་བཏང་ནས་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་རེད། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་གནང་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། ཨུ་ཡོན་ངག་དབང་ཆོས་འཛིན་དང་། པདྨ་སམ་བྷ་བ། ཟླ་བ་ཚེ་རིང་། ཉི་མ་ཚེ་རིང་། འཇིགས་མེད་ཚེ་རིང་སོགས་ཀྱིས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གཞིགས་པ་དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་ཐབས་དང་ཇུས་ཧུར་ཐག་བཏོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བཞིན་ཚང་མ་དང་ལྷན་དུ་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ཆོས་ལུགས་རིགས་ཁོངས་ཀྱི་ཚབ་མཚོན་མི་སྣས“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་སློབ་སྦྱོང་གཏིང་ཟབ། ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ལྷག་དོན་དུ“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། “མོས་སེམས་ལྔ”ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་རྦད་དེ་བློས་འགེལ་ཆོག་པ་མངོན་པར་བྱེད་དགོས། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེའི་ནང་ཁུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ལངས་ཕྱོགས་བརྟན་པོ་ཡོང་བར་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། དད་ལྡན་མང་ཚོགས་ཚོར་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

ཚེས་6ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་དཔལ་འབྱོར་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས་བྱམས་བརྩེའི་ངང་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། ཚང་མ་དང་ལྷན་དུ་གྲོས་བསྡུར་གནང་བ་དང་། ལྷན་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་གནང་བ་རེད།

གྲོས་བསྡུར་གནང་རིང་། ཨུ་ཡོན་ཟླ་བ་ཚེ་རིང་དང་། ཐུབ་བསྟན་མཁས་གྲུབ། འཕྲིན་ལས་རྡོ་རྗེ། ཀྲང་ཞའོ། ཀྲོའུ་ཕེང་ཁྲེང་སོགས་ཀྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་བ། དམངས་ཡོངས་ཀྱི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་གཏོང་བ། ལེགས་ཆའི་ཐོན་ལས་སྤུས་རྟགས་རྒྱ་སྟོབས་ཆེ་རུ་གཏོང་བ། ལས་རིགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་དོ་ཁུར་བྱེད་ཡུལ་སོགས་ཀྱི་ཐད་གཅིག་རྗེས་གཉིས་མཐུད་ངང་ཐབས་དང་ཇུས་བཏོན་པ་རེད། ཆེ་དགྲ་ལྷས་ཚང་མའི་གཏམ་བཤད་རེ་རེ་བཞིན་ལ་ལན་བསྐྱོན་པ་དང་ཆབས་ཅིག་ཚང་མས་ལོ་གཅིག་རིང་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཆེ་དགྲ་ལྷས་རྒྱ་ཆེའི་དཔལ་འབྱོར་རིགས་ཁོངས་ཀྱི་ཨུ་ཡོན་རྣམས་དཔལ་འབྱོར་གྱི་འཐབ་ཕྱོགས་དང་པོ་དང་ཁྲོམ་རའི་མདུན་ཕྱོགས་ནས་ཕེབས་པ་ཞིག་རེད། ཚང་མས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་དང་སྟངས་འཛིན་གཏིང་ཟབ་བྱས་ནས་གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་རང་འགུལ་ངང་མཉམ་འདྲེས་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆར་ངོས་འཛིན་གཏིང་ཟབ་དང་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཇུས་ཀྱི་ཕྱོགས་སྟོན་དང་ཁྲོམ་ར་ཅན་ཟུང་འབྲེལ་བྱེད་པའི་ཐད་ཕན་འབྲས་ལྡན་པའི་འཚོལ་ཞིབ་བྱས་ཏེ་ཕུགས་ཀྱི་མིག་རྒྱང་ཐོག་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དཀའ་གནད་ཧུར་ཐག་སེལ་བ། ཐབས་དང་ཇུས་ཧུར་ཐག་འདོན་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འགན་འཁྲི་གཙང་སྒྲུབ་བྱེད་དགོས་ཞེས་གསུངས་པ་རེད།

ཚེས་6ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་གྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་སློབ་གསོ་ལུས་རྩལ་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་རེད།

ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཨུ་ཡོན་ལོའུ་ཡོན་པིང་དང་། ཏུང་ཁུན་ཧུང་། པ་སངས་སྒྲོལ་མ། ཡཱ་ཤཱ ཝང་ཏེ་ཅུན། ཧྥང་ཅུན། ཚེ་རིང་ལྷ་མོ། ཀའོ་ཏ་ཧུང་སོགས་ཀྱིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན། དེ་བཞིན་སློབ་གསོ་དང་ལུས་རྩལ་ཐད་ཀྱི་གླེང་མང་བ་དང་དོ་ཁུར་བྱེད་མང་བའི་གནད་དོན་ལ་གཞིགས་ནས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འདོན་གནང་བ་རེད། ཏིང་ཡེ་ཤན་གྱིས་གསན་ཞོར་དུ་ཟིན་བྲིས་བསྐྱོན་པ་དང་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་དང་འབྲེལ། གྲོས་བསྡུར་གནང་ཡུལ་དུ་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་ལན་བསྐྱོན་པ་རེད།

གཏམ་བཤད་གནང་རིང་། ཏིང་ཡེ་ཤན་གྱིས་འདས་ཟིན་པའི་ལོ་གཅིག་རིང་གི་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ནས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་ཡོངས་སུ་མོས་མཐུན་གནང་ཞིང་། ཁོང་གིས་ལོ་གཅིག་རིང་། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ། ཀྲུའུ་ཞི་དབང་དབྱང་གིས་བོད་ཀྱི་སྲིད་གྲོས་ལས་དོན་ལ་གནང་བའི་མཛུབ་སྟོན་གྱི་བླང་བྱ་ལག་ལེན་བསྟར་བ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། “དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པའི”དགོངས་པ་གསར་པ་དང་བླང་བྱ་གསར་པ་ལག་ལེན་ཧུར་ཐག་བསྟར་བ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་སློབ་གསོར་བརྟེན་ནས་བླ་སྲོག་བསྐྲུན་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྩ་བ་དང་འབྲེལ་བ་ཡོད་པ་དང་། ལུས་རྩལ་ལ་བརྟེན་ནས་གཟུགས་པོ་ཐང་དུ་གཏོང་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་གཞི་རྩ་དང་འབྲེལ་བ་ཡོད། སློབ་གསོ་དང་ལུས་རྩལ་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་ཤོས་དང་། གལ་ཆེ་ཤོས་ཀྱི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་དང་ཏང་གི་སྲོག་ཤིང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་ཆོད་སེམས་བརྟན་པོ་འཆང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་བ་བཅས་ཀྱི་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

ཚེས་6ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མི་རིགས་རིགས་ཁོངས་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།

མི་རིགས་རིགས་ཁོངས་ཚོགས་ཆུང་གི་གྲོས་བསྡུར་གནང་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཨུ་ཡོན་ཤེས་ནོར་དང་། ཀུན་མཛའ་ཆོས་དབང་། མེ་ཏོག་སྒྲོལ་མ། བཀྲ་ཤིས་ཚེ་བརྟན་སོགས་ཀྱིས་བློ་བསྡུས་དགེ་འཚོལ་དང་གང་བསམ་ལྷུག་གླེང་གནང་ནས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ནང་དོན་ལ་གཞིགས་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་བ་རེད། ཀྲོང་ཡན་གྱིས་གཏམ་བཤད་ནན་ཏན་གསན་པ་དང་། བསམ་འཆར་དང་གྲོས་འགོ་ཟིན་བྲིས་ཞིབ་ཚགས་བསྐྱོན་གནང་ཞིང་། ཁོང་གིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ངང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་དང་། ལམ་ལུགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དེ་བོད་ལྗོངས་བཅོས་སྐྱོང་གི་ནུས་ཕྱོད་ཆེན་པོར་ཏན་ཏིག་འགྱུར་བ་བྱས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་ཡག་པོ་དང་། དོན་འཁྱོལ་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ། འཐུས་ཚང་ཡག་པོ་གཏོང་བ་བཅས་བྱས་ནས་ལམ་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་དེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་འགུལ་ནུས་ཆེན་པོར་སྔར་བས་འགྱུར་བ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་ཁག་དབར་གྱི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་བརྩི་བ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྟུན་མཁས་རང་བཞིན་དེ་བས་ཆེ་བ་དང་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཐད་ཕྱོགས་གཉིས་ནས་ཤུགས་རྒྱག་པ། བློ་རྩ་བརྟན་པོས་ཏང་དང་མི་དམངས་ཀྱི་ཕྱོགས་སུ་མཐའ་གཅིག་ཏུ་ལངས་པ། འགག་རྩའི་དུས་སུ་བློས་འགེལ་ཆོག་པ་དང་། དོན་ཐུབ་པ། ནུས་པ་ཐོན་པ་བཅས་བྱེད་པ། ཐབས་འདོན་ཕོད་པ་དང་གྲོས་མོལ་བྱེད་མཁས་པ། ཏང་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་དོན་འཁྱོལ་བཅས་བྱས་ནས་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)