《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

དབྱངས་ཅན་ལྷ་མོའི་དབུལ་སྒྲོལ་འཚོ་བ།

གྲང་ངར་ཆེ་བའི་དགུན་དུས་སུ་མཐའ་བཞི་རི་བོས་བསྐོར་བའི་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་དུ་ནམ་མཁའ་སྔོ་ཞིང་དྭངས་བ་དང་དྲོ་འཇམ་ཉི་འོད་ཀུན་ལ་འཕྲོས།

དགའ་ཚལ་གྲོང་ཚོའི་ཙུའུ་དྲུག་པར་སྐྱོད་སྐབས་དབྱངས་ཅན་ལྷ་མོའི་ཁྱིམ་གྱི་སྒོ་རའི་ནང་བཀྲུས་མ་ཐག་གི་ཉལ་གདན་དང་ཕོ་ཁེབས་ཀྱི་ཕྱི་ཤུབས་ཉི་མར་བསྐམས་ནས་བཞག་འདུག ཁོང་གི་ཁང་པའི་ནང་བསྐྱོད་སྐབས་ལོ་36ལ་སླེབས་པའི་དབྱངས་ཅན་ལྷ་མོ་ཐགས་ཁྲིའི་སྟེང་དུ་བསྡད་དེ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ལག་ཟུང་སྐྱེན་པོའི་ངང་སྣམ་བུ་འཐག་བཞིན་འདུག

“ལོ་ཤས་གོང་འཚོ་བ་དེ་ཙམ་ཡག་པོ་མེད། ད་ཆ་ཁོམ་པ་ཡོད་དུས་ལོ་གཅིག་ལ་སྣམ་བུ་བུབ་གཉིས་ཙམ་འཐག་ཐུབ་ཀྱི་འདུག ད་ལྟའི་ཁྲོམ་རའི་ཉོ་སྒྲུབ་རིན་གོང་ལྟར་ན་ཡོང་འབབ་སྒོར་ལྔ་སྟོང་རག་གི་འདུག”སྣམ་བུ་བཏགས་པའི་ཡོང་འབབ་དེས་དབྱངས་ཅན་ལྷ་མོའི་ཁྱིམ་གྱི་འཚོ་བ་འབེལ་ཤིག་ཤིག་ཏུ་གྱུར་ཡོད་པ་རེད།

ལོ་ཤས་གོང་དུ་དབྱངས་ཅན་ལྷ་མོས་རང་ཉིད་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་འདྲ་སྐྱེལ་རྒྱུ་ཡོད་པ་བསམ་མྱོང་མེད། 2012ལོར་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་བཟའ་ཟླ་བསོད་ནམས་རྒྱལ་མཚན་ལ་ལས་རྨས་ཀྱི་གནས་ཚུལ་ཐོན་ནས་སྡུག་བསྔལ་གྱི་གནས་སུ་གྱར། “སྐབས་དེ་དུས་ལས་ཀ་བྱ་ཡུལ་ནས་སྟབས་མི་ལེགས་པར་བཟའ་ཟླའི་མགོ་བོར་ཅ་དངོས་ཟགས་ཏེ་སྨན་བཅོས་བྱས་ཀྱང་ཉལ་ཁྲིར་ལོ་གཅིག་ལུས་པ་དང་འཁར་རྒྱུག་ཁྱེར་ནས་ལོ་གཉིས་སྡོད་དགོས་འཁེལ་སོང”ཞེས་དབྱངས་ཅན་ལྷ་མོས་དྲན་གསོ་བྱེད་ཀྱིན་དུ་བཤད། བཟའ་ཟླ་བསོད་ནམས་རྒྱལ་མཚན་དང་། ཕྲུ་གུ་གཉིས། ཨ་མ་རྒས་འཁོགས་བཅས་ལ་ལྟ་སྐྱོང་བྱེད་པའི་འགན་འཁྲི་ཁོང་གཅིག་པུའི་ཕྲག་ཐོག་ཏུ་བབས་པ་དང་ཁྱིམ་གྱི་ས་ཞིང་མུའུ་2.6རང་ཉིད་གཅིག་པུས་འདེབས་དགོས་པས་འཚོ་བར་ཡི་ཐང་ཆད་ཀྱི་ཡོད་པ་རེད།

ཕྱིར་གླ་པར་བསྐྱོད་ཐབས་བྲལ་བ་དང་ཡོང་འབབ་བརྟན་པོ་ཞིག་མེད་པ་དང་རང་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི་59ཡི་གྲས་ཤིག་ཡིན་པས་2016ལོར་དབྱངས་ཅན་ལྷ་མོའི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་པ་རེད།

ཤང་དང་གྲོང་ཚོ་རིམ་གཉིས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་། དབུལ་སྐྱོར་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱས་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་བསྐྲུན་པ་སོགས་བརྒྱུད་དབྱངས་ཅན་ལྷ་མོའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ནས་དབུལ་སྒྲོལ་གྱི་སེམས་ཤུགས་དང་བློ་སྟོབས་སྐྱེས།

བཟའ་ཟླ་བསོད་ནམས་རྒྱལ་མཚན་གྱི་ལུས་པོ་ཅུང་དྲག་སྐྱེད་བྱུང་ནས་ཁོང་གིས་ཨར་རྒྱག་གི་རྨང་གཞིའི་ལག་རྩལ་ནུས་པས་གང་ལྕོགས་ཀྱིས་སྦྱོང་གིན་དུ་ངལ་རྩོལ་ནུས་ཤུགས་རིམ་བཞིན་སླར་གསོ་ཡོང་གང་ཐུབ་བྱེད་ཀྱི་ཡོད། དབྱངས་ཅན་ལྷ་མོས་ཤང་དང་གྲོང་ཚོའི་རིམ་གཉིས་ཏང་ཡོན་ལས་བྱེད་པའི་རོགས་རམ་འོག་སྣམ་བུ་འཐག་འགོ་ཚུགས་ཏེ་ཁྱིམ་ནས་ཐོན་མི་དགོས་པར་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།

2018ལོར་བསོད་ནམས་རྒྱལ་མཚན་གྱི་ནད་གཞི་རྦད་དེ་དྲག་སྐྱེད་བྱུང་རྗེས་ཉེ་འགྲམ་གྱི་ཕྱུག་འགྱུར་སྣེ་ཁྲིད་པའི་སྣེ་ཁྲིད་འོག་ཉིང་ཁྲིར་རྩལ་ནུས་ལས་ཞུགས་ཐུབ་པ་དང་ལོ་ལྟར་ཟླ་བ་གཅིག་གཉིས་ཀྱི་ཞིང་བྲེལ་དུས་ཚོད་ཕུད་ཟླ་རེར་ཡོང་འབབ་སྒོར་ལྔ་སྟོང་ལྷག་ཙམ་རག་གི་ཡོད་པ་རེད།

“2018ལོར་ཁོང་ཚོའི་ཁྱིམ་གྱི་དཔལ་འབྱོར་ཡོང་འབབ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཀྱང་། སྡོད་ཁང་གི་སྲུབས་ཀས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པས‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’གྱི་ཚད་གཞི་ལོན་མེད་པར་བརྟེན་ན་ནིང་དབུལ་སྒྲོལ་ཐུབ་མེད”ཅེས་རྣམ་རྒྱལ་ཞོལ་ཤང་གི་ཤང་ཀྲང་མིག་དམར་གྱིས་གསར་འགོད་པར་ངོ་སྤྲོད་བྱས།

ན་ནིང་ལོ་མཇུག་ཏུ་འཚོ་བ་ཡག་པོ་བྱུང་བའི་དབྱངས་ཅན་ལྷ་མོས་སྡོད་ཁང་གསར་པ་བསྐྲུན་འགོ་ཚུགས། 2019ལོའི་ཟླ་9པ་བར་སྡོད་ཁང་བསྐྲུན་གྱིན་དུ་ཡོང་འབབ་བསགས་ནས་འཁྱགས་སྒམ་དང་། བརྙན་འཕྲིན། ཤིང་ལས་བཟོས་པའི་བོད་བཟོའི་གདན་ཁྲི་དང་རྒྱ་ལྕོག་སོགས་ཉོས་ནས་ཚ་ཚ་འུར་འུར་ངང་ཁྱིམ་དེ་བསྐྱངས་ཐུབ་པ་བྱུང་ཡོད།

མིག་སྔར་དབྱངས་ཅན་ལྷ་མོ་ནང་ཚང་གིས་རྩལ་ནུས་ཀྱི་ཡོང་འབབ་དང་། སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཀྱི་ཁ་གསབ་མ་དངུལ། ཞིང་ལས་ཀྱི་ཐོན་སྐྱེད་ཡོང་འབབ་བཅས་ལ་བརྟེན་ནས་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཙམ་ཡོད། 2019ལོར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བྱུང་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9853.48ཟིན་གྱི་ཡོད་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། རང་སྐྱོང་ལྗོངས་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་དོན་ཆེན་གཙོ་བོ་ཞིག་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་བཀོད་འདོམས་ནུས་ལྡན་དང་འཁོར་རྒྱུག་ནུས་ཆེའི་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་མ་ལག་ཅིག་བསྐྲུན་ཡོད་པ་དང་། སྤྱི་ཚོགས་ཡོངས་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་སློང་དང་། དངོས་ཟོག་དང་མ་དངུལ་འགན་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་མ་དངུལ་90%ཡན་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱས་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་ཚོགས་སྤྱི་དབུལ་པོར་དམིགས་ནས་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པ་དང་། སྲིད་ཇུས་ཀྱི་མཁོ་སྤྲོད་ལེགས་སྒྲིག ཕར་ཆིན་རྒྱག་པའི་སྙིང་རུས་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་གལ་ཆེན་བྱུང་ནས་ལོ་གསུམ་བསྟུད་མར་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ཕན་འབྲས་ཀྱི“ཕྱོགས་བསྡུས་གདེང་འཇོག་བཟང་པོར”བདམས་ཡོད།

ད་ཆ“ཁག་གཅིག་རེ་ལྔ”ལ་ཟམ་མི་ཆད་པར་ཚད་བརྒལ་གསར་པ་བྱུང་ཡོད། ཐོན་ལས་དབུལ་སྐྱོར་གྱིས་མི་འབོར་དབུལ་པོ་ཁྲི་23.81དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་བྱས་པ་དང་མི་འབོར་ཁྲི་70ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལ་བརྟེན་ནས་མི་ཁྲི་25.7གནས་སྤོ་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་བྱེད་ཚད་དང་དེའི་ནང་སྡོད་ཚད་གཉིས་ཀ་96.6%ལྷག་ཙམ་ཟིན་པ། སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཕན་ཚུན་སྐུལ་འདེད་ཐེབས་པ། སློབ་གསོའི་དབུལ་སྐྱོར་དེ་དབུལ་པོ་བུ་རབས་ཚ་རྒྱུད་དབུལ་པོ་ཆགས་རྒྱུ་འགོག་པའི་རྩ་བའི་བྱ་ཐབས་ལ་བརྩིས་པས། འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཁྱོན་སློབ་མ་མི་ཐེངས་ཁྲི་231.21ལ་རོགས་སྐྱོར་ཐོབ་པ། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་ནུས་པ་སྲ་ཞིང་བརྟན་ལ་ཕན་ནུས་ལྡན་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་དབུལ་སྐྱོར་གསར་སྤེལ་འབྲེལ་མཐུད་ནུས་ལྡན་བཅས་བྱུང་ཡོད་པ་རེད།

ད་ཆ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཕན་འབྲས་གསར་པ་ཐོན་ཡོད། མི་འབོར་དབུལ་པོའི་འཐུང་ཆུའི་དཀའ་གནད་ཚང་མ་ཐག་གཅོད་བྱུང་བ་དང་། ཁྱིམ་ཚང་དབུལ་པོའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཕྲུ་གུ་སློབ་མཚམས་མི་ཆད་པ་དང་སློབ་མཚམས་མི་འཇོག་པའི་དམིགས་ཚད་མངོན་འགྱུར་བྱུང་བ། ཞིང་འབྲོག་ཁུལ་དུ་མཉམ་ལས་སྨན་བཅོས་ཀྱི་ལམ་ལུགས་གསར་པ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཡོངས་ལ་ཁྱབ་པ་མ་ཟད། མང་ཚོགས་དབུལ་པོའི་སྡོད་ཁང་གི་བདེ་འཇགས་གནད་དོན་ཐག་གཅོད་བྱུང་ཡོད།

དབུལ་ཕོངས་ཀྱི་གནས་ལས་བསྒྲལ་བས། དབུལ་སྒྲོལ་བྱུང་བའི་དུད་ཚང་གཞན་དག་དང་འདྲ་བར་དབྱངས་ཅན་ལྷ་མོར་ཡང་རང་ཉིད་ཀྱི་འཆར་གཞི་ཡག་པོ་ཞིག་ཡོད་པ་རེད།

“2020ལོར་ཁྱིམ་ཆས་གསར་པ་འགའ་ཤས་ཉོས་ནས་འཚོ་བ་དྲོ་སྐྱིད་ལྡན་པ་ཞིག་སྐྱེལ་རྩིས་ཡོད”ཅེས་དབྱངས་ཅན་ལྷ་མོས་བཤད།

དབྱངས་ཅན་ལྷ་མོ་དང་འདྲ་བར་རྒྱ་ཆེའི་མང་ཚོགས་དབུལ་པོ་ཚོའི་དངོས་པོའི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་ནང་སྐྱེས་སྒུལ་ཤུགས་སྔར་བས་མངོན་པ་མ་ཟད། བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་པས། བལྟོས་བཅས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་ཀྱི་ཕུགས་ཕན་ལམ་སྲོལ་སྔར་བས་ལེགས་པ་འཛུགས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

(བསོད་བདེ་གཞོན་པ་དང་བསྟན་བློས་སྒྱུར་ཞུས་བྱས)