《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

༄༅། །སྦྲག་པ་བློ་བཟང་།

སྦྲག་པ་བློ་བཟང་ནི་རྫོང་ནས་རྫོང་བར་དང་ས་ཁུལ་ནས་རྫོང་བར་སྦྲག་འཁོར་བཏང་ནས་ཡི་གེ་སྐྱེལ་མཁན་ཞིག་རེད། ཨ་ཅང་ཅང་། འཕྲིན་ཡིག་ཙམ་མ་ཟད། ཚགས་པར་དང་སྐུར་མ་སོགས་ཀྱང་ཡོད་གཏན་གཏན་རེད། ད་ཆ་སྦྲག་པ་བློ་བཟང་ལགས་རྒན་ཡོལ་ཞུས་ནས་ལོ་མང་འདས་ཟིན་ལ། ང་ཡང་ཁོང་གི་སྦྲག་འཁོར་ལ་ཐེངས་མང་བསྡད་མྱོང་བའི་བྱིས་པ་སྣབ་ལུད་་འཛར་འཛར་ཞིག་ནས་ཕྲུ་གུ་གཉིས་ཀྱི་ཕར་གྱུར་ཟིན། ཅི་སྟེ་ལོ་ཡི་ཉག་མ་མང་པོ་ཞིག་འདས་ཟིན་ནའང་། ང་དང་ང་འདྲ་བའི་སྐབས་དེ་དུས་ཀྱི་གྲོང་ཚོའི་བྱིས་པ་པྲ་ཆལ་དག་ལ་མཚོན་ན་ཁོང་གི་མིང་གོ་བ་ཙམ་གྱིས་སྐད་ཅིག་མར་དགའ་སྣང་དང་དྲན་སྣང་ཅིག་ཅར་མི་སྐྱེ་ཅི་ལ་སྲིད། མ་གཞི་བྱས་ན་ངོ་གདོང་ནག་པ་ནི་བོད་པ་མང་པོའི་ངོ་མདངས་ཀྱི་ཁྱད་ཆོས་ཤིག་ཏུ་ངེས་ཀྱང་། སྦྲག་པ་བློ་བཟང་ལགས་དབྱར་ཉི་མའི་ཚ་གདུག་དང་དགུན་གྲང་ངར་གྱི་རླུང་བུ་གདོང་གིས་བསུས་ནས་ཡུལ་དུས་ངེས་མེད་འགྲིམ་མཁན་ཞིག་ཡིན་པ་མ་ཟད། བཟའ་ཟླ་ཞལ་རས་དཀར་ལ་མཁུར་ཚོས་དམར་མདངས་རྒྱས་པས་ཁོང་གི་ངོ་གདོང་མི་གཞན་པ་ལས་ཀྱང་ནག་པའི་ཚོར་སྣང་ཞིག་སྟེར། དེ་ལྟར་ནའང་ཁོང་གི་གངས་རི་ལས་དཀར་བའི་སེམས་པ་དང་ཆུ་མོ་ལས་རིང་བའི་ངང་རྒྱུད་ནི་རྒྱུས་ཡོད་མིག་ལྡན་ཀུན་གྱིས་མཐོང་གསལ་དང་རྣ་ཡོད་ཚང་མས་ཐོས་གསལ་ཡིན་པས། ཕྱི་ཡི་ངོ་གདོང་ནག་ནག་གིས་ནང་སེམས་ཀྱི་ཟབ་སར་ཐིམ་པའི་ཐུགས་སེམས་དཀར་དཀར་གྱི་འགྲན་ཟླར་ག་ལ་བཟོད།

ལོ་རབས་བརྒྱད་ཅུ་པར་གྲོང་གསེབ་ལྟ་ཅི། གྲོང་ཁྱེར་དུའང་འཁོར་རིགས་དེ་ཙམ་མང་པོ་མེད་པས། སྦྲག་པ་བློ་བཟང་གི་སྦྲག་འཁོར་ནི་ངེད་གྲོང་ཚོའི་ལོ་རྒྱུས་ཐོག་གི་རླངས་འཁོར་དང་པོ་དེ་རེད་ལ། ཁོང་ཡང་ང་ཚོའི་གྲོང་ཚོའི་ལོ་རྒྱུས་སུ་བཀོད་ཆོག་ཆོག་གི་ཁ་ལོ་བ་དང་པོ་དེ་ཡིན་པར་ཐེ་ཚོམ་ཅི། ད་ཆ་བསམས་ན་ལོ་རྒྱུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཧང་མི་སངས་ཅི་ལ་སྲིད་དེ། དེ་སྔའི་ཐལ་རྡུལ་གྱིས་ཁེངས་པའི་གྲོང་ཚོའི་འབར་འབུར་གྱི་རྐང་ལམ་ཕྲ་མོ་མིག་གི་མཐོང་ཡུལ་ལས་བྲལ་ནས་ལོ་མང་འདས་ཟིན་ལ། ཡངས་ཤིང་ཁོད་སྙོམ་པའི་སྣུམ་ནག་གཞུང་ལམ་དུ་འཁོར་རིགས་འདྲ་མིན་བགྲང་གིས་མི་ལང་། ད་ཆ་དུད་ཚང་རེར་མ་མཐར་ཡང་རྐང་འཁོར་དང་སྦག་སྦག་རེ་ཡོད་ཤག་ཤག་རེད་ལ། དུད་ཚང་མང་ཆེ་བར་ཐོ་ཕྲུག་དང་། ཟོག་འཁོར། འཇིབ་ཆུང་སོགས་ཀྱང་ཡོད་པས། སྔོན་མ་རྒན་མོ་ཞིག་གིས་རླངས་འཁོར་དང་པོ་མཐོང་དུས་ལྕགས་གླང་དུ་འཁྲུལ་ནས་རྩྭ་ཆུ་བཤམས་པའི་ཤོད་སྲོལ་དེ་ལ་འུད་སྒྲོག་གི་ཆ་མེད་པ་མི་སྲིད་ཀྱང་། རླངས་འཁོར་དང་པོ་མཐོང་དུས་མཚར་སྣང་མི་སྐྱེ་མཁན་ཅི་ལ་སྲིད་དེ་མི་སྲིད་དོ།

ང་ཚོའི་སློབ་ཆུང་དེ་གྲོང་ཚོ་དང་རྟ་ཕོའི་ཉིན་ལམ་ཕྱེད་ཀྱི་སར་གནས་པས། ལམ་ཐག་རིང་ལ། ཐལ་རྡུལ་གྱིས་ཁེངས་པའི་ཀྱག་ཀྱོག་གི་ལམ་དང་འབར་འབུར་གྱི་གྲོག་ཤུར་བརྒྱུད་དགོས་པས། གཟའ་རེའི་ལྟོ་ཆས་རྒྱབ་ཏུ་འཁུར་ནས་འགྲོ་དགོས་པའི་བྱིས་པ་དག་ལ་མཚོན་ན། དེ་ནི་ངལ་དུབ་ཀྱིས་མནར་བའི་ཤུལ་ལམ་རིང་མོ་ཞིག་ཅི་ལ་མིན། སྐབས་དེ་ཤེད་ལ་སྦྲག་པ་བློ་བཟང་གི་སྦྲག་འཁོར་ཕ་ཡུལ་དུ་བསླེབས་ན་ཕྲུ་གུ་རྣམས་སེམས་ཀྱི་དགའ་བ་མནོན་ཐབས་བྲལ་ནས་ཐལ་མོ་རྡེབ་བཞིན་འཕག་འཚག་རྒྱག་པ་དང་དགའ་འབོད་ཀྱི་སྒྲས་ལྕང་མའི་ཡལ་འདབ་ཐོག་ཏུ་གནས་པའི་བྱ་བྱིའུ་དག་ཀྱང་འདྲོགས་ནས་གང་སར་བྲེལ་འཚུབ་ངང་འཕུར་འགྲོ ང་ཚོ་དེ་ལྟར་དགའ་དོན་ནི་སྦྲག་པ་བློ་བཟང་སེམས་པ་བཟང་ལ་ངང་རྒྱུད་རིང་བས། ལམ་ནས་ཕྲུ་གུ་ཚོ་ཐུག་རིམ་བཞིན་རླངས་འཁོར་གྱི་ཁ་བཀག་ནས་བླུགས་རྐྱང་བྱེད། ང་ཚོའང་སྦྲག་འཁོར་ལ་ཐེངས་མང་བསྡད་མྱོང་ཡང་། འཕྲིན་ཡིག་དང་། ཚགས་པར། བསྐུར་མ་སོགས་ལ་ཐོ་གཏན་ནས་གཏོང་མ་མྱོང་བས་སྦྲག་པ་བློ་བཟང་གིས་མི་མང་ཚོགས་སར་ང་ཚོར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་ཉུང་ཉུང་མིན།

སྐབས་དེ་དུས་རྫོང་དང་གྲོང་ཚོར་རླངས་འཁོར་དང་ཁ་ལོ་བ་གཉིས་ཀ་ཉུང་བའི་རྐྱེན་གྱིས་ཁ་ལོ་བའི་ལག་ཁྱེར་ཡོད་ན་རླངས་འཁོར་ཉོ་མི་ཐུབ་ཀྱང་སྦོ་དགྱེད་དགྱེད་བྱས་ནས་གཞུང་འཁོར་ཅི་རིགས་གཏོང་བའི་གོ་སྐབས་བཟང་། གང་ལྟར་སྐབས་དེ་དུས་ཁ་ལོ་བའི་ལས་རིགས་ནི་མི་མང་པོ་ཞིག་གི་མ་འོངས་པའི་མདུན་ལམ་དང་ཕུགས་བསམ་དོན་གཉེར་གྱི་ཁ་ཕྱོགས་ཤིག་རེད། ཁ་ལོ་བ་དེ་ཚོ་ལས་ཕལ་ཆེ་བ་མི་མང་གིས་ཁ་མཁས་ཚིག་སྙན་དང་བཅས་གུས་གུས་ཞུམ་ཞུམ་ཁོ་ན་བྱས་པར་གོམས་ནས་ལྟ་བ་མཐོ་ལ། ང་རྒྱལ་ཁེངས་དྲེགས་ཆེ།

གང་ལྟར་སྐབས་དེ་དུས་སུ་གཉལ་གཞུང་གི་མི་སེར་ཚོའི་ཁ་ན་རླུང་ལྟར་གྲགས་པའི་མཚར་གཏམ་ཞིག་ཡོད་པ་ལས་དེ་དུས་ཀྱི་སྣང་ཚུལ་གསལ་པོར་མཚོན་ཐུབ། ཁ་ལོ་བ་དཔལ་འབྱོར་རླངས་འཁོར་གཏོང་སྐབས་དལ་ལ་བརྟན་པ་དང་བདུད་དོན་གྲུབ་རླངས་འཁོར་གཏོང་སྐབས་མྱུར་ལ་བློ་ཁོག་ཆེ་བས། ཁ་ལོ་བ་དཔལ་འབྱོར་གྱི་རླངས་འཁོར་དུ་སྡོད་བསམས་ན་ཉིན་བདུན་གྱི་རྒྱགས་ཕྱེ་འཁྱེར། བདུད་དོན་གྲུབ་ཀྱི་རླངས་འཁོར་ལ་སྡོད་བསམས་ན་ཁ་ཆེམས་ཡི་གེ་བཞག་ནས་ཐོན་ཟེར་སྲོལ་ཡོད། ཡང་ཁ་ལོ་བ་བཟང་པོའི་མིང་ལ་བཟང་པོར་འབོད་རུང་སེམས་པ་གནག་པས་ཁ་ལོ་བ་ངན་པོ་དང་། ཁ་ལོ་བ་བདུད་དོན་གྲུབ་ཀྱི་མིང་ཟུར་ལ་བདུད་ཅེས་པ་ཡོད་ཀྱང་སེམས་པ་བཟང་བས་སངས་རྒྱས་དོན་གྲུབ་ཅེས་བཏགས་པ་ནི་རྒྱ་ལམ་འགྲུལ་པའི་སེམས་བསམ་པའི་སྙིང་གཏམ་དང་ཞེ་ཁོག་པའི་ཚོར་བ་ངོ་མ་རེད།

ཁ་ལོ་བ་བཟང་པོའི་བཟའ་ཟླ་ང་ཚོའི་གྲོང་ཚོ་ནས་རེད། ཐེངས་ཤིག་ང་རང་ན་མཉམ་འགའ་དང་སློབ་གྲྭ་ནས་ནང་ལ་ལོག་པའི་ལམ་ཞོར་ལ་རླངས་འཁོར་ཞིག་རྒྱང་ནས་ཐལ་འཚུབ་འཕྱུར་རེར་ཡོང་བ་མཐོང་བས། དེ་མུར་ང་ཚོས་འཕག་མཆོང་རྒྱག་གིན་མཐེ་བོང་གནམ་ལ་ཀེར་ནས་ཞུ་བ་འཕུལ། རླངས་འཁོར་གམ་དུ་ཁ་བཀག་པ་དང་ང་ཚོ་དགའ་ནས་ཚམ་ཚོམ་མེད་པར་འཚང་ཁ་དང་བཅས་ནང་ལ་འཛུལ་ནའང་མི་གཅིག་ལས་གཤོང་ས་མེད་པས། ང་མ་གཏོགས་གཞན་པ་ཚོ་གདོང་གློད་ནས་མ་བབས་ཀ་མེད་དུ་གྱུར། ཁོང་སྐད་ཆར་དེ་ཙམ་མི་དགའ་ལ། སྐད་ཆ་བཤད་ནའང་ཕྲུ་གུ་ཚོར་བྲེད་དངངས་སྐུལ་བའི་གཏམ་ཁོ་ན་ལས་མི་སྨྲ་བ་དང་། དེ་ཉིན་ར་བཟི་ནས་མིག་རྩ་དམར་ལ། ངོ་གདོང་དམར་སྨུག་ཏུ་གྱུར་ཡོད་པས། ལམ་ཞོར་ནས་འཚང་ཁ་ཤིག་ཤིག་གིས་རླངས་འཁོར་དུ་འཛུལ་བར་འགྱོད་པ་ཆེན་པོ་སྐྱེས། དེ་ནི་ཁོང་གི་རླངས་འཁོར་ལ་སྡོད་ཐེངས་དང་པོ་དེ་རེད་ལ། མཐའ་མ་དེའང་རེད། གྲོང་ཚོར་སླེབས་ལ་ཉེ་བའི་ཚེ། ཏག་ཏག་ཁོ་པའི་བཟའ་ཟླ་བཙས་མ་བརྔ་བའི་སྐབས་དང་འཁེལ། ཁ་ལོ་བ་བཟང་པོས་བདལ་གླའི་ཚབ་ལ་ཁོང་གི་བཟའ་ཟླའི་ཞིང་ཁར་སྙེ་མ་སྒྲུག་ཏུ་བཅུག སྙེ་མ་སྒྲུག་སྒྲུག་པའི་མཐའ་མར་ལག་པར་སོག་ལྡུམ་ཟུག་ནས་སེན་ཤ་ནས་ཁྲག་ཆེམ་ཆེམ་དོན་ནའང་། ཡི་མགུ་བའི་རྣམ་པ་ཙམ་ཡང་མ་བསྟན། དེ་ཙམ་ལ་བློ་ཕམ་ཡི་མུག་ནས་མིག་ཆུ་ཇི་ཙམ་བཀག་ཀྱང་ཁོག་ཐབས་བྲལ་ནས་ལྷུང་ལྷུང་དུ་བཞུར་བ་མི་རྒན་ཚོས་མཐོང་སྟེ་ཕྲུ་གུ་ངུ་ཤོར་འདུག་ཟེར་ནས་ཧབ་ཆ་བརྒྱབ་པ་ལ། ང་རང་སྔར་ལས་ཀྱང་སེམས་སྡུག་ནས་སྐད་ཤུགས་ཆེན་པོས་ངུས་པས་ན། ད་གཟོད་མི་རྒན་དེ་ཚོས་སེམས་གསོ་གཏོང་ཁུལ་བྱས་བྱུང་།

ཅུང་ཙམ་ཆེར་ལོངས་དུས་ཀྱང་ཁ་ལོ་བ་བཟང་པོ་རྒྱང་ནས་མཐོང་བ་ཙམ་གྱིས་གཡོལ་ནས་འགྲོ་ལ། སེམས་སུ་ཞེད་ཙེག་ཙེག་བྱེད། དོན་དེས་རྐྱེན་པས་སམ་སྦྲག་པ་བློ་བཟང་ལགས་ཀྱི་མིང་གོ་བ་ཙམ་གྱིས་སེམས་སུ་སྤྲོ་སྣང་ཞིག་འགོག་མེད་དུ་འཆར་འོང་། ལོ་འགའི་སྔོན་དུ་ང་རང་འཁོར་ཞག་བཙངས་ནས་ལྷ་སར་ལོག་པའི་སྐབས་ཤིག་ལ་སྦྲག་པ་བློ་བཟང་གི་སྒྱུག་མོ་རྩེད་ཐང་དུ་བུ་མོ་ཐུག་པར་འགྲོ་གཏན་འཁེལ་བ་དང་ང་རང་གི་སྒེར་འཁོར་ལ་བསྡད་དེ་ཐོན། དེ་ནི་ཁོང་མ་ཐུག་པར་བགྲང་བྱ་བཅུ་ཙམ་ཕྱིན་པའི་རྗེས་རེད། ཁོང་གི་ཁྱིམ་ལ་སླེབས་མ་སླེབས་ཀྱི་མཚམས་ནས་སྤྲོ་སྣང་ཆེན་པོ་བྱུང་ལ། ཁོང་ཐུག་དུས་ཡུན་རིང་མ་ཐུག་པའི་གཉེན་ཉེ་ཞིག་ཐུག་པ་ལྟར་གྱི་དགའ་ཚོར་བྱུང་། ལོ་ཡི་ཉག་མ་མང་པོ་འདས་ཟིན་རུང་། ཕྱི་ལུས་པོར་རྒས་ཉམས་དེ་ཙམ་མི་འདུག་ལ། སེམས་རྩ་འཁོལ་ལ་ངང་རྒྱུད་རིང་བའི་གཤིས་ཀར་དེ་བས་འགྱུར་བ་སྤུ་ཙམ་ཡང་བྱུང་མི་འདུག སྦྲག་པ་བློ་བཟང་ལགས་ཀྱིས་ཀུ་རེ་དང་སྦྲགས་སྔོན་མ་ངའི་རླངས་འཁོར་དུ་སྡོད་མཁན་གྱི་བྱིས་པ་སྣབ་ལུད་འཛར་འཛར་དེ་ཚོ་ད་ཆ་ལོངས་ནས་ང་དང་འདྲ་བར་ཁ་ལོ་བར་གྱུར་འདུག་ལ། ངའི་སྒྱུག་མོ་ས་ཐག་རིང་གཉལ་ནས་སྒོ་རྩར་བསྐྱལ་བར་དགའ་པོ་བྱུང་ཟེར་བས། ང་རང་བློ་ཡིད་ཚིམ་པོ་བྱུང་ལ། སེམས་ལ་མི་དེ་ལ་དེ་བརྟེན་དང་རྫ་ཁ་ལ་ལུང་བརྟེན་ཞེས་པའི་གཏམ་དཔེ་དེ་ལྷང་ངེར་དྲན་བྱུང་།