《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月04日

བློ་མཐུན་བསྟན་འཛིན་རྣམ་རྒྱལ་སྐུ་གཤེགས་པ།

དབྱང་ཞའོ་ཏུའུ་དང་། ཁྲེན་ཤིས། ཧུའུ་ཅིན་ཐའོ། ཀུའོ་ཅིན་ལུང་། པད་མ་འཕྲིན་ལས། ཀྲང་ཆིང་ལི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། དབྱང་ཁྲོན་ཐང་། རག་སྡིས། ཁྲེན་ཁུའེ་ཡོན། བྱམས་པ་ཕུན་ཚོགས་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་བསྟན་འཛིན་རྣམ་རྒྱལ་སྐུ་གཤེཌ་པར་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་ཡང་གནང་བ། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མྱ་ངན་ཞུས་པ་དང་སེམས་གསོ་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་བློ་མཐུན་བསྟན་འཛིན་རྣམ་རྒྱལ་གློ་བུར་དུ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར། 2019ལོའི་ཟླ་12ཚེས་26ཉིན་གྱི་ཆུ་ཚོད་15དང་སྐར་མ་40ཡི་ཐོག་ལྷ་སར་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་60རེད།

དབྱང་ཞའོ་ཏུའུ་དང་། ཁྲེན་ཤིས། ཧུའུ་ཅིན་ཐའོ། ཀུའོ་ཅིན་ལུང་། པད་མ་འཕྲིན་ལས། ཀྲང་ཆིང་ལི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། དབྱང་ཁྲོན་ཐང་། རག་སྡིས། ཁྲེན་ཁུའེ་ཡོན། བྱམས་པ་ཕུན་ཚོགས་སོགས་ཀྱིས་བློ་མཐུན་བསྟན་འཛིན་རྣམ་རྒྱལ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འབྲེལ། ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་ཡང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་དམག་ཁུལ་ཁང་སོགས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་བློ་མཐུན་བསྟན་འཛིན་རྣམ་རྒྱལ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་སེམས་གསོའི་འཚམས་འདྲི་གནང་བ་རེད།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཀྱིས་བློ་མཐུན་བསྟན་འཛིན་རྣམ་རྒྱལ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་སེམས་གསོའི་འཚམས་འདྲི་གནང་བ་རེད། ཞུས་ཡུང་དང་། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི། ལེགས་མཆོག པ་སངས་བཅས་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་རིམ་པའི་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་བོད་ནས་ལས་སྒྱུར་བྱས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་རྣམ་པ་མི་འདྲ་བའི་སྒོ་ནས་མྱ་ངན་ཞུས་པ་དང་སེམས་གསོའི་འཚམས་འདྲི་གནང་བ་རེད།

བློ་མཐུན་བསྟན་འཛིན་རྣམ་རྒྱལ་སྐུ་འཚོ་བཞུགས་སྐབས་མཐའ་དག་སྟབས་བདེ་བྱེད་དགོས་པའི་ཞལ་ཆེམས་དང་ནང་མིའི་བསམ་འཆར་ལ་བརྩི་འཇོག་ཞུས་ནས་སྐུ་ཕུང་དང་ཞལ་གྱེས་ཞུ་བའི་མཛད་སྒོ་གཉེར་མེད་ཅིང་། བློ་མཐུན་བསྟན་འཛིན་རྣམ་རྒྱལ་གྱི་སྐུ་ཕུང་2019ལོའི་ཟླ་12ཚེས་30ཉིན་ལྷ་ས་ཤིས་ཧྲན་པུར་ཁང་དུ་ཞུགས་འབུལ་བྱས་པ་རེད།

བློ་མཐུན་བསྟན་འཛིན་རྣམ་རྒྱལ་1959ལོའི་ཟླ་7པར་བོད་ལྗོངས་གྲོ་མོར་འཁྲུངས་པ་དང་། 1978ལོའི་ཟླ་7པར་ལས་ཀར་ཞུགས། 1981ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ། རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། གཞིས་རྩེ་ས་ཨུད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་སུ་ཕྱག་ལས་གནང་མྱོང་ཡོད། རང་སྐྱོང་ལྗོངས་སློབ་གསོ་ཚན་རིག་ཨུ་ལྷན་སློབ་བསྡུ་གཞུང་དོན་ཁང་གི་ཀྲུའུ་རེན་དང་། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཏང་ཙུའི་ཧྲུའུ་ཅི། གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་སོགས་ཀྱི་གོ་གནས་རིམ་པས་ཁུར་གནང་ཡོད།

བློ་མཐུན་བསྟན་འཛིན་རྣམ་རྒྱལ་གྱི་སྐུ་ཚེ་གང་པོ་ནི་འབད་འཐབ་ཀྱི་སྐུ་ཚེ་གང་པོ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་གང་པོ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་ཚེ་སྲོག་སྐྱེས་སུ་འབུལ་བའི་སྐུ་ཚེ་གང་པོ་བཅས་རེད། ཁོང་སྐུ་གཤེགས་པ་དེས་ང་ཚོར་ཕུལ་བྱུང་གུན་ཁྲན་ཏང་ཡོན་ཞིག་མེད་པར་གྱུར་ཡོད། ང་ཚོས་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་ནས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པའི་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཕུལ་བྱུང་ཀུན་སྤྱོད་དང་། ལས་འགན་ལྕི་པོ་འཁུར་ཕོད་པ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་ཁོང་གི་དཔའ་ངར་ཆེ་བའི་སྙིང་སྟོབས། དཀའ་སྤྱད་བབ་ཆགས་དང་གྲོན་ཆུང་བསྲི་ཚགས་ཀྱི་ཁོང་གི་སྲོལ་རྒྱུན་བཟང་པོ་བཅས་ལ་སློབ་སྦྱོང་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། སེམས་མཐུན་སྟོབས་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་དང་། དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ཆེད་འབད་འཐབ་བྱེད་དགོས།

བློ་མཐུན་བསྟན་འཛིན་རྣམ་རྒྱལ་ནམ་ཡང་ང་ཚོའི་སེམས་ལ་གནས་ངེས་ཡིན།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)