《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月04日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་བརྟག་ཞིབ་གནང་བ།

ལོ་གསར་པའི་ཉིན་དང་པོར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་ཆེད་མངགས་ཕེབས་ཏེ་གནས་སྤོས་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། གནས་སྤོས་མང་ཚོགས་སྤོ་ཚུལ་དང་གནས་སྤོས་བྱ་ཡུལ་གྱི་ལྷན་སྦྱར་ཐོན་ལས་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་མང་ཚོགས་དང་དགའ་སྤྲོའི་ངང་བཀའ་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་2ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྔ་བར་ཕྱི་གསུམ་དུ་གནས་སྤོས་མང་ཚོགས་ལ་སེམས་ཁྲལ་གནང་གི་ཡོད། 2020ལོའི་གནམ་ལོ་གསར་ཚེས་ལ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་བསྣམས་ཏེ་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་ཆེད་མངགས་ཕེབས་ཏེ་གནས་སྤོས་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། གནས་སྤོས་མང་ཚོགས་སྤོ་ཚུལ་དང་གནས་སྤོས་བྱ་ཡུལ་གྱི་ལྷན་སྦྱར་ཐོན་ལས་དང་དེ་བཞིན་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བཅས་ལྷན་དུ་ཕེབས་པ་རེད།

ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་ལ་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པའི་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གལ་ཆེན་ཞིག་རེད། 2019ལོའི་ཟླ་12ཚེས་13ནས་29ཉིན་བར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་དང་། མཚོ་གཉིས་རྫོང་དཀར་མཚོ་ཤང་དང་། ཡག་ཆུ་ཤང་། མཚོ་སྦྲེལ་བྱང་མ་ཤང་བཅས་ཀྱི་མང་ཚོགས་3364ཡི་གནས་སྤོས་ལས་དོན་བདེ་བླག་ངང་བསྒྲུབས་པ་རེད།

བཀོད་སྒྲིག་བྱ་ཡུལ་དུ་ཁྱད་ཆོས་ལྡན་པའི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིགས་པ་དང་། རླུང་བུས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ཧ་ཅང་མངོན་གསལ་དོད་ཅིང་། སྲིད་གཞུང་གི་ཕྱོགས་བསྡུས་ཐོག་ཁང་དང་། གྲོང་ཚོ་ཨུ་ལྷན། ལས་ཤག བུ་བཅོལ་ཁང་། ཞིང་ཞོར་ཐོན་ཟོག་ཁྲོམ་ར། ཞབས་ཞུའི་ལྟེ་གནས། ཉེན་དོན་ས་ཚིགས། འཕྲོད་བསྟེན་ཁང་། སྤྱི་པའི་གསང་སྤྱོད། གད་སྙིགས་བསྡུ་ཡུལ་སོགས་ལྷན་སྦྱར་སྒྲིག་བཀོད་གང་དགོས་ཅི་འཛོམས་ཡོད། ཕྲུ་གུ་ཚོ་ཐང་ཆེན་དུ་ཕར་རྒྱུག་ཚུར་རྒྱུག་གིས་རྩེད་འཇོར་རོལ་ཅིང་། རྒན་རྒོན་ཚོ་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་ངང་ཞི་མཐུན་གྱི་རྣམ་པ་ནི་ཧ་ཅང་ཉམས་དགའ་བ་ཞིག་ཡོད།

ཝུའུ་དབྱིང་ཅེས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་གནས་སྤོའི་ལས་དོན་ལག་ལེན་བསྟར་བ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ལག་ལེན་ནུས་ལྡན་ཞིག་ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གང་ལེགས་མངོན་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་ཡང་གང་ལེགས་མངོན་ཡོད། རྒྱ་ཆེའི་གནས་སྤོས་མང་ཚོགས་ཚོས་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་བྱུང་བ་དངོས་སུ་ཤེས་དགོས་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་མཐའ་གཅིག་ཏུ་དབྱེ་མཚམས་གསལ་པོ་ཕྱེ་སྟེ་དུས་གང་ཞིག་དང་གནས་ཚུལ་ཇི་འདྲ་ཞིག་ཕྲད་རུང་བློ་བརྟན་འགྱུར་མེད་དང་བློ་ཐག་ཆོད་པོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་བརྟན་དུ་བཏང་ནས་སྒུག་རྟེན་སློང་གསུམ་མི་བྱེད་པར་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བསམ་བློ་བརྟན་པོར་བཙུགས་ཏེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

ཏང་ཡོན་རྒན་གྲས་ཟླ་བ་ཚེ་རིང་གི་བཀོད་སྒྲིག་སྡོད་ཁང་ཡངས་ཤིང་དཀར་ཆ་དོད་པ་དང་། དབུ་འཛིན་གྱི་སྐུ་པར་ཚོམས་ཆེན་གྱི་མངོན་གསལ་དོད་ཤོས་སུ་མཐོན་པོར་བཀལ་ཡོད། ཟླ་བ་ཚེ་རིང་གིས་ཚང་མ་འདི་གར་སྤོས་རྗེས་རྩྭ་རའི་ཁ་གསབ་སོགས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་སྔར་བཞིན་ལོངས་སྤྱོད་ཐུབ་པ་དང་། ན་ནིང་ང་རང་ལ་མཉམ་ལས་ཁང་ནས་ཐོབ་ཆ་སྒོར་ཁྲི་8ལྷག་ཙམ་བགོས་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་ཞུས་པ་དང་། ཝུའུ་དབྱིང་ཅེས་བྱམས་བརྩེའི་ངང་ཁྱེད་ཀྱིས་ཏང་དང་གསར་བརྗེ་དེ་བཞིན་བོད་ཀྱི་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པས་ཚང་མ་དང་མཉམ་དུ་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་ངེས་རེད། ཁྱེད་ཀྱིས་རང་ཉིད་ཀྱི་མཐོང་ཐོས་མྱོང་སྒྲུབ་ལ་བརྟེན་ནས་གཞོན་ནུ་མི་རབས་ཚོར་སློབ་གསོ་བརྒྱབ་སྟེ་ཁོ་ཚོའི་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

སྡོད་ཁང་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པས་ཡུལ་མི་སྤུན་ཟླ་ཚོའི་སེམས་སུ་དགའ་བས་མྱོས་པ་མ་ཟད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཡང་བློ་ལ་བརྟན་པོར་ངེས་ཡོད་པས་གླུ་ལེན་གར་འཁྲབ་ཀྱིས་སེམས་གཏིང་ནས་ཏང་ལ་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་བྱས་པ་རེད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཐང་ཆེན་དུ་ཚང་མ་དང་བཀའ་མོལ་གནང་ཞིང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་དར་རྒྱས་དང་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་བདེ་སྐྱིད་ལ་སློབ་སྦྱོང་ཡག་པོ་དང་ཕ་མར་བསྙེན་བཀུར་ཞུས་ཏེ་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་མངག་བྱ་གནང་བ་དང་། ཚང་མས་དུས་ཚོད་ལ་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་བྱས་ཏེ་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

བརྟག་ཞིབ་གནང་སྐབས། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་ད་དུང་སྒོ་རྩིས་ཚོང་ཁང་དང་། ཞིང་ཞོར་ཐོན་ཟོག་ཁྲོམ་ར། ལྟེ་བའི་འཕྲོད་བསྟེན་ཁང་བཅས་སུ་ཕེབས་ཏེ་ཚོང་ཟོག་མཁོ་སྤྲོད་དང་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཝུའུ་དབྱིང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་དམིགས་བསལ་གྱི་ཐུགས་ཁུར་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཁེ་ཆང་དང་ཀྲུའུ་ཞི་དབང་དབྱང་གི་མཛུབ་སྟོན་བླང་བྱ་སོགས་ལས་ང་ཚོས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་ཚོད་ལྟའི་ལས་དོན་སྤེལ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། སྤྱི་འདོམས་ལ་དམ་འཛིན་ཡག་པོ་བཅས་བྱེད་པ་དང་། གཞི་ཁྱོན་གཅིག་སྡུད་འོས་འཚམ་ཡོང་བར་ཤུགས་སྣོན། འགོ་འཛུགས་ས་མཐོ་པོས་གནས་སྤོ་བྱ་ཡུལ་འཛུགས་སྐྲུན་འཆར་འགོད་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འབྲོག་ལས་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བ། ས་ཁམས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གོང་དཀར་གནམ་ཐང་དང་ལྷ་ཉིང་ལྕགས་ལམ་སོགས་འཆར་འགོད་ཡག་པོ་དང“རྒྱུད་གཅིག་ལམ་གཅིག”དང“ཨེ་ཤེ་ཡ་ལྷོ་མའི་སྒོ་དབྱེའི”འབྲེལ་ཡོད་མཐོ་གསར་ཐོན་ལས་ལ་བརྟེན་ནས་གནས་སྤོས་མང་ཚོགས་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ། གནས་སྤོ་བྱ་ཡུལ་མི་རིགས་མཐུན་སྒྲིལ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། ཏང་གི་དྲིན་ཚོར་སློབ་གསོ་སོགས་ཀྱི་དཔེ་སྟོན་ཁུལ་ལ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།

(ཚེ་སྒྲོལ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)