《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月04日

ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པ”ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས།

—— ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།

2020ལོའི་ཅོང་སྒྲ་གྲགས་ཟིན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་གདོང་མཆོང་དུང་བརྡ་སྐད་གསང་མཐོན་པོས་གྲགས། ལོ་གསར་པར་འགོ་འཛུགས་རྒྱུ་ནི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་ཡིན་པ་དང་གོམ་སྟབས་སྤོ་བར་མཐའ་མའི་གདོང་མཆོང་བྱས་ཏེ་ཞུམ་པ་མེད་པར་ཕུགས་འདུན་འགྲུབ་པའི་ལམ་བུའི་ཐོག་མདུན་དུ་སྐྱོད་དགོས།

འཚོགས་མ་ཐག་པའི་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དེང་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་དུས་བབ་ལ་ཇི་ལྟར་ལྟ་དགོས་པ་གསལ་པོ་བཤད་པ་དང་འདི་ལོའི་དཔལ་འབྱོར་ལས་དོན་ཇི་ལྟར་བསྒྲུབ་དགོས་པ་གསལ་པོ་བཤད་དེ་ང་ཚོས་སེམས་མཐུན་སྟོབས་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་བསྡུ་རྒྱུ་འགན་ལེན་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་ཏེ་ཡིད་ཆེས་དང་ངར་ཤུགས་འཕེལ་བར་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་སྤྱི་ཡོངས་ནས་འགག་སྒྲོལ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

རྒྱལ་ཁ་ཕུ་ཐག་གཅོད་པར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་དང་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། ཡིད་ཆེས་དང་ངེས་ཤུགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་དམིགས་བསལ་ཐུགས་ཁུར་གནང་བ་ལས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་ཇུས་འགོད་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་སྟེ་བོད་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བསྟུད་མར་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་གནང་ཡོད། ཡིད་ཆེས་དང་ངེས་ཤུགས་ནི་འགྲན་ཟླ་བྲལ་བའི་ལམ་ལུགས་ཀྱི་ལེགས་ཆ་ལས་བྱུང་ཡོད། ཏང་གི་འགོ་ཁྲིད་འོག་བོད་དུ་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ཆེས་དཔེ་མཚོན་དང་། འཐུས་སྒོ་ཚང་ཤོས། ཆེས་ཐད་ཀར་བཅས་ཀྱི་མཚོན་ཚུལ་ཞིག་རེད། འབྱུང་འགྱུར་ལ་ཕྱོགས་ནས་ང་ཚོས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་གནང་བའི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་པར་ཏན་ཏིག་འགྱུར་བ་བྱས་ཚེ་ང་ཚོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཐོབ་སྲིད། ཡིད་ཆེས་དང་ངེས་ཤུགས་ནི་2019ལོའི་ངོ་མཚར་ཆེ་བའི་རྒྱུགས་ལན་ལས་བྱུང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ་བཅས་གྲུབ་འབྲས་འདི་དག་གིས་ང་ཚོས་འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་བ་དང་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད།

རྒྱལ་ཁ་ཕུ་ཐག་གཅོད་པར་དམིགས་ཚད་ལས་འགན་ལ་དམིགས་པ་དང་གཙོ་གནད་ལས་དོན་ལ་དམ་འཛིན་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྒྲུབ་པ་ནི་སྤྱིའི་དམིགས་ཚད་དང་ལས་འགན་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་ཏན་ཏིག་བྱས་ནས། གསར་གཏོད་ཉིད་སྒུལ་ཤུགས་དང་པོ་དང་། མཐུན་སྦྱོར་ཉིད་ནང་གནས་ཀྱི་ཁྱད་ཆོས། ལྗང་མདོག་ཉིད་ཡོངས་ཁྱབ་ཀྱི་རྣམ་པ། སྒོ་དབྱེ་ཉིད་ལྡོག་མེད་ཀྱི་ལམ་བུ། མཉམ་སྤྱོད་ཉིད་རྩ་བའི་དམིགས་ཡུལ་བཅས་ལ་གྱུར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ཡག་པོ་སྤེལ་ནས“བརྟན་པོ་དྲུག”གི་ལས་དོན་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཐག་གཅོད་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་འཕྲད་པའི་དམངས་འཚོའི་གནད་དོན་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མ་འཇོག་བརྟན་པོ་ཡོང་བ་ཉིད་འཕར་བརྟན་པོ་ཡོང་བའི་ཁ་ལོ་སྒྱུར་ཆས་ལྟ་བུ་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། ལེ་ལག་ཚང་བའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ། སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཕན་འབྲས་སྔ་ཙམ་ཐོན་པ་དང་གྲུབ་འབྲས་མང་ཙམ་ཐོབ་པའི་འགན་ལེན་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ“མཚམས་མི་འཇོག་པ་བཞིའི”བླང་བྱ་གཞིར་བཟུང་། མུ་མཐུད་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་སྐུལ་གཏོང་། ལས་ཞུགས་སྔོན་སྒྲུབ། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱེད་དགོས་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས“ཞིང་གསུམ”ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ“ཞིང་གསུམ”ལས་ཀའི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མཐའ་གཅིག་ཏུ་གསབ་དགོས་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཐོག་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

རྒྱལ་ཁ་ཕུ་ཐག་གཅོད་པར་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་དལ་དལ་ལྷོད་ལྷོད་དང་བརྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་ཞེས་ནན་བཤད་ཡང་ཡང་གནང་ཡོད། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་བསྡུ་བའི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པ་ནི་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཆབ་སྲིད་ཀྱིས་ཞིབ་དཔྱད་བྱས་པ་དང་རང་ལྗོངས་ཀྱི་ཉེན་ཁར་ཁ་ལོ་སྒྱུར་བ་དང་འགག་སྒོ་སྒྲོལ་བའི་ནུས་པར་དཔྱད་ཞིབ་བྱས་པ་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་བ་དང་འགག་སྒྲོལ་དཀའ་སེལ་གྱི་སྤྱོད་ཚུལ་ལ་ཞིབ་དཔྱད་བྱས་པ་ཞིག་ཀྱང་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཇི་ཙམ་ཉེ་བར་བཅར་ཚེ་དེ་ཙམ་གྱིས་རྦབ་རྡོ་གྱེན་འགྲིལ་གྱི་དཔའ་སྟོབས་དང་ངར་ཤུགས་ལ་བརྟེན་ནས་འབད་འབུངས་མདུན་སྐྱོད་ཀྱིས་ངར་ཤུགས་གཅིག་ཏུ་བསྒྲིམས་ནས་འཐབ་ཇུས་ལས་འགན་ལེགས་སྒྲུབ་བྱེད་དགོས།

རྒྱལ་ཁ་ཕུ་ཐག་གཅོད་པར་དུང་བརྡ་གྲགས་ཟིན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལེའུ་རྩོམ་འགོ་ཚུགས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ངེས་ཤུགས་རྒྱུན་འཁྱོངས་དང་། སེམས་མཐུན་སྟོབས་སྒྲིལ། འབད་འབུངས་སྟོབས་བརྩོན་བཅས་བྱས་ཚེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)