《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月03日

ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། ཝུའུ་དབྱིང་ཅེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཆེ་དགྲ་ལྷ།

དུས་ཀྱི་མདའ་མོས་ལོ་ཟླའི་འཕེལ་འགྲིབ་སྐུལ། ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་དགའ་སྐྱིད་འཆམ་མཐུན་གྱི་བསྐལ་པ་བཟང་པོ་འདིར། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། བོད་སྡོད་དཔུང་སྡེའི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས། བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་དང་དེ་བཞིན་དུས་ཆེན་རིང་ལས་གནས་བརྟན་སྲུང་གིས་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོར་ལོ་གསར་པའི་སྨོན་ཚིག་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

འདས་མ་ཐག་པའི་2019ལོ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད་ལ་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཧ་ཅང་རྒྱུན་གཏན་མིན་པའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་པ། “འདུ་ཤེས་བཞི”ཟབ་གཏོང་དང་། “གདེང་ཚོད་བཞི”བརྟན་གཏོང་། “སྲུང་སྐྱོང་གཉིས”ཐུབ་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་ལས་ཀའི་ཐབས་ཤེས་སུ་བརྩི་བ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་བྱས་པ། ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་དེ་འགན་སྲུང་དུ་བྱས་པ་བཅས་ལས་བྱ་གཞག་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་གྱ་ནོམ་པ་ཐོབ་ཡོད། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་རབས་གསར་པར་དྲིན་ཚོར་གྱིས་འབད་འབུངས་དང་ (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ“བརྟན་པོ་དྲུག”གི་ལས་དོན་ལ་དམ་འཛིན་ནན་པོ་དང་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་བས་སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལྷག་ཙམ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་12.9%སོ་སོར་འཕར་བ། ཁྲོན་བོད་ལྕགས་ལམ་དང་དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་གཙོ་གནད་དུ་བྱས་པའི་རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྐུལ་སྤེལ་བཏང་བ། ཡུལ་སྐོར་བ་མི་ཐེངས་ཁྲི་4000ལས་བརྒལ་བ་བཅས་བྱུང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སླར་ཡང་མདུན་ཕྱོགས་སུ་གོམ་པ་བརྟན་པོ་ཞིག་སྤོས་ཡོད། ང་ཚོས་གང་ཐུབ་ཅི་ཐུབ་དང་། འཁོས་དཔག་ལས་སྒྲུབ། གྲོན་ཆུང་སྔོན་དུ་འཇོག་པ་བཅས་མཐའ་འཁྱོངས་ཀྱིས་བརྩེ་སེམས་བཅངས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབས་པར་སླར་ཡང་རྫོང(ཆུས)19དབུལ་ཞྭ་ཕུད་པའི་ཆ་རྐྱེན་འཛོམས་པ་དང་མི་འབོར་དབུལ་པོ་ཁྲི་15ལ“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”བྱུང་ཡོད། ང་ཚོས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཚོས་རེ་སྒུག་ཆེ་ཤོས་དང་སེམས་ཁྲལ་ཆེ་ཤོས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས་མང་ཚོགས་དེ་བས་མང་བར་ལས་ཀ་དང་ཡོང་འབབ་བརྟན་པོ་བྱུང་བ་དང་། བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་ཡོད་པ། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ཟབ་ཏུ་སོང་ཡོད། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་སྔོ་ཁེབས་མེད་སར་རང་འགུལ་ངང་རྩྭ་རྩི་ཤིང་བཏབ་པར་ལྗོངས་ཡོངས་སུ་ཆ་རྐྱེན་ཡོད་པའི“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་10.47དང“ལྗོན་ཤིང་མེད་པའི་གྲོང་ཚོ”1079ཚང་མར་ལྗོན་ཤིང་ཡོད་པར་བྱས་པས་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ང་ཚོས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་དང་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་དང་གནས་ཚུལ་རྙོག་འཛིང་ཆེ་ཤོས་ཀྱི་རྫོང་དུ་བསྐྱོད་དེ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་བས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།

ལག་ལེན་ལས་ཕུགས་འདུན་འགྲུབ། འབད་འབུངས་ལས་འབྱུང་འགྱུར་གཏོད། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་རེད། ལོ་གསར་པར་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་དང་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སེམས་སུ་བཅངས་ཏེ་ལས་དོན་ལ་འཆར་འགོད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། ཞན་ཆ་གསབ་པ་དང་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་པ་དང་། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཆེན་པོ་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གཙོ་གནད་དུ་བྱས་པའི་དམངས་འཚོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་མཐོ་རུ་གཏོང་དགོས་པ། སྔོ་ཤིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་དང་མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་ཀྱིས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོར་སྤྱོད་བཟང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དུས་ཚོད་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས། དམངས་སེམས་གཅིག་ཏུ་བསྒྲིལ་ནས་ངར་ཤུགས་སྒྲིམ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་དགོས།

རླབས་ཆེན་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་།

བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ།

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལོ་གསར་ལ་སྤྲོ་པོ་དང་། བདེ་སྐྱིད་ཁམས་བཟང་། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ།