《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月03日

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་1ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། 2019ལོའི་ཟླ་12ཚེས་31ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2020ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་དགའ་སྤྲོའི་རྣམ་པའི་ཁྲོད་དུ་གངས་ལྗོངས་ས་མཐོའི་བུ་ཕྲུག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཡིད་རྣལ་དུ་ཕབ་ནས་ཉན་ཞིང་། ཁོང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་སྦྲགས་སྐུལ་ལྕག་ཀྱང་ཟབ་མོ་ཐེབས་ཡོད།

ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནི་དྲོད་དང་བརྩེ་དུང་ཟབ་པ་དང་། སྟོབས་ཤུགས་རབ་ཏུ་རྒྱས་པ། འབད་འབུངས་མདུན་སྐྱོད་ལ་སྐུལ་བ་བཅས་ཀྱི་ཤིས་ཚིག་ཅིག་རེད་འདུག ཀྲུའུ་ཞི་ཞི་ཅིན་ཕིང་གིས“དུས་ཚོད་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་བྱེད་དགོས”ཞེས་གསུངས་པ་བཞིན། རང་རང་སོ་སོའི་ལས་གནས་ཐོག་འབད་འཐབ་ལྷོད་མེད་བྱས་ཏེ་ལོ་གསར་པ་ཐུན་མོང་ཐོག་བསུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཤོ་མོང་ཤང་ཧར་མདོ་གྲོང་ཚོའི་ཡུལ་མི་འཇིགས་མེད་ཆོས་སྒྲོན་དང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་སེང་གེ་ཁ་འབབ་གྲོང་རྡལ་ཁམས་བདེ་གྲོང་གསར་དུ་གནས་སྤོས་བྱས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ཆོས་དར། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་གནམ་པ་གྲོང་ཚོའི་ཡུལ་མི་བྱམས་པ་རིན་ཆེན་སོགས་མང་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ང་ཚོ་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་། ཁྱིམ་སྤྱོད་གློག་ཆས་སྤྱོད་རྒྱུ་བྱུང་བ་མ་ཟད། ད་དུང་ཁྱིམ་གྱི་སྒོ་དོན་མི་དགོས་པར་ཡོང་འབབ་ཀྱང་གསོག་རྒྱུ་བྱུང་བ་དག་ནི་སྔོན་མ་བསམ་ཡུལ་ལས་འདས་པ་ཞིག་རེད། སླད་ཕྱིན་མུ་མཐུད་ཏང་གི་རྗེས་སུ་འབྲངས་ན་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུ་དང་2020ལོར་དེ་ལས་ལྷག་པའི་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད་བྱུང་། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) 2019ལོའི་ཟླ་12པར་རང་ལྗོངས་ཀྱི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་བཅས་ཚུད་པའི་རྫོང་དང་ཆུས་དབུལ་པོ་ལྷག་མ་19ཚང་མ་དབུལ་ཞྭ་འབུད་པའི་ཚད་གཞིར་སླེབས་ཡོད་པ་རེད།

“ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་དེ་སྤྲོ་སེམས་རབ་ཏུ་འཕེལ་བ་ཞིག་འདུག གང་ལགས་ཤེ་ན། ‘ཁྲལ་རིན་གཉིས་ཆག་གི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་2ལས་བརྒལ་བའི’སྐོར་ཐོས་སྐབས་ཁྲལ་དོན་ལས་བྱེད་པ་ཞིག་ཡིན་པའི་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་སྐུལ་ལྕག་ཀྱང་ཟབ་མོ་ཐེབས་བྱུང”ཞེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཧུང་གིས“2019ལོར་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ཡོང་འབབ་བཙལ་འཚོལ་ལས་དོན་འཁོར་རྒྱུག་བརྟན་པོ་དང་། ཁྲིམས་བཞིན་ཁྲལ་དོན་སྐྱོང་ཚུལ་མི་སེམས་ལ་ཟུག་པ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཁྲལ་རིན་གཉིས་ཆག་གི་ཕན་འབྲས་མངོན་གསལ་དོད་པོ་བཅས་བྱུང་ཡོད། ལོ་གསར་པའི་ནང་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བཤད་བྱུང་།

“གནོང་འགྱོད་སྤུ་ཙམ་མེད་ཅིང་ལེགས་སྐྱེས་འབུལ་རྒྱུར་སྤྲོ་བའི་མིང་མེད་དཔའ་བོ་མང་པོས་སྤྱིར་བཏང་མིན་པའི་མི་ཚེའི་གཏམ་རྒྱུད་མང་པོ་བརྩམས་ཡོད”ཅེས་ལོ་གསར་གྱི་ཤིས་ཚིག་གསུང་མཚམས་འདིར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་ཡུས་ཏའེ་ལིན་ལ་དྲོ་སྐྱིད་དཔག་མེད་ཚོར་ཞིང་། ཁོང་གིས“བཀའ་མོལ་དེ་ལས་ངར་མུ་མཐུད་མདུན་དུ་བསྐྱོད་རྒྱུའི་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། ངས་མི་ཚེ་ཧྲིལ་པོར་རང་ཉིད་ཀྱི་བྱས་རྗེས་གསང་ནས་ཐོག་མའི་བསམ་འདུན་ལ་འགྱུར་བ་མི་གཏོང་མཁན་ཀྲང་ཧྥུའུ་ཆིང་དང་ལང་ཚོ་དང་ཚེ་སྲོག་དབུལ་སྒྲོལ་བྱ་གཞག་ལ་སྐྱེས་སུ་ཕུལ་མཁན་ཧོང་ཝུན་ཤིའུ་སོགས་ལ་སློབ་སྦྱོང་བྱས་ཏེ། ནས་ཀྱི་སོན་གསར་དང་ལག་རྩལ་གསར་པ་མུ་མཐུད་ཁྱབ་གདལ་གཏོང་བ་དང་རང་ལྗོངས་ཀྱི་ཞིང་འབྲོག་བྱ་གཞག་འཕེལ་རྒྱས་གཏོང་ཆེད་འབུལ་འོས་པའི་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད་བྱུང་།

“ང་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱེད་དགོས་པ་དང་དཀའ་ངལ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་གདོང་མཆོང་བྱེད་དགོས”བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གྲོང་སྡོད་ལས་བྱེད་པ་ཝང་ལི་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་དེ་ངར་ཤུགས་འཕེལ་བ་ཞིག་འདུག དེའང་གྲོང་སྡོད་ལས་དོན་གྱི་དངོས་མཚོན་ཞིག་ཡིན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་པ་བཅའ་སྡོད་བྱ་ཡུལ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་དང་། ཚྭ་མགོས་གོང་མ་གྲོང་ཚོ། མེ་ལོང་གྲོང་ཚོ་བཅས་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་པ་དང་། གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་བ། རང་བྱུང་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། རིམ་ཁག་ཏང་སྲིད་རྩ་འཛུགས་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཏང་ཨུད། དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག གྲོང་མི་བཅས་ཀྱི་ཐུན་མོང་འབད་བརྩོན་འོག བཅའ་སྡོད་བྱ་ཡུལ་གྲོང་ཚོ(གྲོང་ལྷན)གསུམ་ཀ་དབུལ་སྒྲོལ་ཐུབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་དེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། གྲོང་སྡོད་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ལས་བྱེད་པ་དང་མང་ཚོགས་ཚོ་དང་མཉམ་དུ་དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་བ་ཞིག་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

ཚེས་31ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱི་ཀྲང་ཐའོ་ཡིས་རྒྱུན་གཏན་བཞིན་ལམ་ངོས་སུ་ལས་འགན་སྒྲུབ་བཞིན་ཡོད། ‘ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་དུས་འདིར་ད་དུང་མི་མང་པོ་ཞིག་གིས་ལས་གནས་བརྟན་སྲུང་བྱེད་པ་དང་། མི་མང་པོ་ཞིག་གིས་བདེ་འཇགས་སྲུང་སྐྱོང་བྱེད་པ། མི་མང་པོ་ཞིག་གིས་དཀའ་སྤྱད་ངལ་རྩོལ་བྱེད་བཞིན་ཡོད’ཅེས་པ་ཐོས་སྐབས་སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་བྱུང་ཡོད། དཀའ་ལས་ག་ཚོད་ཡོད་རུང་གནོང་འགྱོད་གཏན་ནས་མེད། རང་ཉིད་ཀྱིས་ལས་གནས་བརྟན་སྲུང་བྱས་པ་ལས་མི་དེ་བས་མང་བ་དང་ནང་མི་ཚོར་དུས་བདེ་བག་ཕེབས་ཡོང་བའི་རེ་བ་ཡོད”ཅེས་བཤད་བྱུང་།

(སྤེན་ཚེ་དང་ཚེ་ལྷས་སྒྱུར་ཞུས་བྱས)