《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

ན་ནིང་ཟླ་དང་པོ་ནས་བཅུ་གཅིག་བར་ཕྱི་ཕྱོགས་མ་དངུལ་དངོས་སུ་སྤྱོད་ཚད་སྒོར་ དུང་ཕྱུར་8459ཟིན་པ།

ཕྱི་ཕྱོགས་མ་དངུལ་གྱི་རྣམ་གྲངས་ཆེ་གྲས་722ཀྱི་ཡིད་དབང་བཀུག་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། ན་ནིང་ཟླ་དང་པོ་ནས་བཅུ་གཅིག་བར་རང་རྒྱལ་གྱིས་ཕྱི་ཕྱོགས་མ་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་8459ཟིན་པ་དེ་དུས་མཚུངས་ལས་6%འཕར་བ་དང་། ཨ་སྒོར་དུང་ཕྱུར་1ཡན་གྱི་ཕྱི་ཕྱོགས་མ་དངུལ་གྱི་རྣམ་གྲངས་ཆེ་གྲས་722ཀྱི་ཡིད་དབང་བཀུག་པ་དེ་15.5%འཕར་ཡོད། ཚོང་དོན་འཁོར་རྒྱུག་སྤྱི་ཡོངས་བརྟན་པོ་བྱུང་བ་དང་ཚད་གཞི་གཙོ་བོ་བརྟན་ཐོག་ཡར་འཕེལ་བྱུང་ནས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་ཡོད།

“འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི”ཐད་རང་རྒྱལ་གྱིས“འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་དོན་ཚན་20”ཡི་སྲིད་ཇུས་བྱ་ཐབས་བཏོན་ཡོད། གྲོང་ཁྱེར་གྱི་འཛད་སྤྱོད་ཐད་གྲོང་ཁྱེར་36གིས་སྟབས་བདེའི་ཚོང་ཁང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་ཚལ་ཁྲོམ་1200ལྷག་ཙམ་གསར་སྐྲུན་རྒྱས་སྐྲུན་བྱས་ཡོད། གྲོང་གསེབ་ཀྱི་འཛད་སྤྱོད་ཐད་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྐུལ་འདེད་བཏང་ནས་རྫོང་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་དང་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་1700ལྷག་ཙམ་འཛུགས་སྐྲུན་བྱས་ཡོད། གཞན་ཡང་། ཞིང་ཞོར་ཐོན་རྫས་ཀྱི་གྲང་ཕྲེང་ཟོག་འགྲེམས་རྣམ་གྲངས་837འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།

“ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བའི”ཐད་རང་རྒྱལ་གྱིས་ཁྲིམས་སྲོལ་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་ཕྱོགས་མ་དངུལ་གྱི་མ་འཇོག་བཅའ་ཁྲིམས་དང་། ལག་བསྟར་སྲོལ་ཡིག “ཕྱི་ཕྱོགས་མ་དངུལ་བརྟན་གཏོང་གི་དོན་ཚན་20”སོགས་ཀྱི་སྲིད་ཇུས་བྱ་ཐབས་འདོན་པར་སྐུལ་འདེད་བཏང་ཡོད། ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་བཏང་ནས་ཕྱི་ཕྱོགས་མ་དངུལ་གྱི་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་རྒྱལ་ཡོངས་པར་གཞི་དོན་ཚན་40བར་ཉུང་དུ་བཏང་བ་དང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་པར་གཞི་དོན་ཚན་37བར་ཉུང་དུ་བཏང་ནས་བཀག་རྒྱ་གསལ་ཐོ་ཕུད་པའི་ཚོད་འཛིན་བྱ་ཐབས་མེད་པ་བཟོས་ཡོད།

“ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི”ཐད་རང་རྒྱལ་གྱིས་གསར་དར་ཁྲོམ་ར་གསར་འབྱེད་བྱས་ཏེ་ཚོང་དོན་སྐུལ་སྤེལ་ལས་སྟེགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་སྒྱུར་རིམ་སྤོར་རྟེན་གཞི་65གཏན་འཁེལ་བྱས་པ་དང་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་ཚོང་སྒྱུར་ཞབས་ཞུའི་སྤྱི་པའི་ལས་སྟེགས་6ཁས་ལེན་བྱས་ཡོད། གཞན་ཡང་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་24གསར་དུ་བསྐྲུན་ཡོད།