《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

ཉིང་ཁྲིས་སྣོད་བཅུད་ཤེས་དཔལ་འཛུཌ་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

སྣོད་བཅུད་ཐོན་ལས་ལ་བརྟེན་ནས་ཞིང་འབྲོག་པ་ཁྲི་11ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲི་གྲོང་ཁྱེར་གྱིས་2008ལོ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གཏོད་འགོ་བཙུགས་ཚུན་སྣོད་བཅུད་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། སྔོ་ཞིང་དྭངས་པའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་གྱིས་སྣོད་བཅུད་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་ཧུར་ཐག་འགྱུར་བར་བྱས་ཏེ། སྣོད་བཅུད་ཐོན་ལས་ལ་བརྟེན་ནས་ཞིང་འབྲོག་པ་ཁྲི་11འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཡུལ་སྐོར་ལས་རིགས་དང་སྣོད་བཅུད་ཞིང་འབྲོག་ལས་སོགས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། སྣོད་བཅུད་ཡུལ་སྐོར་ལས་རིགས་ནང་ཐད་ཀར་ཞུགས་མཁན་གྱི་གྲོང་ཁྱེར་དེའི་ཞིང་འབྲོག་པ་དུད་ཚང་1500ཙམ་དང་མི་ཁྲི་3ལྷག་ཟིན་ལ། སྣོད་བཅུད་ཞིང་འབྲོག་ལས་ཀྱིས་དུད་ཚང་ཁྲི་1.9ལྷག་ཙམ་དང་མང་ཚོགས་ཁྲི་7.8ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་ཁྱབ་འགྱེད་སྣེ་ཁྲིད་བྱས་པ་མ་ཟད། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ནས། “རྒྱུད་གཅིག་དང་རྟེན་གཞི་བཞི”འཛུགས་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུའང་བཏང་བ་བརྒྱུད། གྲོང་ཁྱེར་དེའི་ཁྱད་ལྡན་ཤིང་ཏོག་དང་། ལྗང་མདོག་སྐྱེ་ལྡན་ཇ་ལོ། སྔོ་ཚལ། བོད་སྨན་གྱི་སྨན་རྩྭ་བཅས་ཀྱི་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི་27.33དང་། མུའུ་ཁྲི་2.04 མུའུ་ཁྲི་1.15 མུའུ་ཁྲི་1.22བཅས་སོ་སོར་ཟིན་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་ནས། ལོ་ལྟར་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་ནས་10%བཏོན་ཏེ་ལས་ཞུགས་ལས་གནས་ཉོ་རྒྱུར་སྤྱད་ནས། ངལ་ནུས་ལྡན་པའི་མང་ཚོགས་དབུལ་པོ་སྔོན་ལ་ཐག་ཉེ་སར་ནགས་སྲུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་པ། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་པ་བཅས་བྱེད་དུ་བཅུག་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་ཞིང་། མིག་སྔར། གྲོང་ཁྱེར་དེའི་སྣོད་བཅུད་ལས་གནས་ཁྲི་3.24ལྷག་ཟིན་པ་དང་ལས་གནས་རེ་ནས་ལོར་ཡོང་འབབ་སྒོར་3500ཡོང་གི་ཡོད།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་བསོད་དཔས་ཞུས)