《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

བསམ་བློའི་ངོས་འཛིན་གཅིག་མཐུན་གྱིས་མདུན་སྐྱོད་ ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

—— རང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་དོན་སྤེལ་རེས་ཚོགས་འདུའི་སྐོར་གྱི་ཟུར་བྲིས།

ཉེ་ཆར། ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོའི་ལས་དོན་སྤེལ་རེས་ཚོགས་འདུ་འཚོགས་ནས། 2019ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་སྦྲགས། 2020ལོའི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད། ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་གྲོང་ཁྱེར(ས་ཁུལ)བདུན་གྱི་དྲིལ་བསྒྲགས་པུའི་འགོ་ཁྲིད་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལྗོངས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ནེང་ཧྲེང་གིས། 2019ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་བླ་སྲོག་གཏོད་པའི་འདུ་འགོད་དང་། དམངས་སེམས་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་ལ་བརྩིས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་ལས་འགན་ཨང་དང་པོ་འདིར་དམ་པོར་དམིགས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་འདིར་དམ་འཛིན་ཏག་ཏིག་བྱས་ཐོག གོང་འོག་ཚང་མ་མིག་མངས་འགྲིག་སྐོར་གཅིག་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་བྱེད་སྟངས་སྔར་བས་གསར་གཏོད་དང་། གཞི་རྟེན་རྒྱ་ཆེར་གཏོང་བ། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། འབད་སྒྲུབ་དངོས་སྒྲུབ་བཅས་སྔར་བས་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་དངོས་ སྒྲུབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

2019ལོ་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏོང་བའི་ལོ་ཞིག་ཡིན་ཞིང་། མིག་སྔའི་བར། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གིས་སྒྲོག་འགྲེལ་སྣ་ཚོགས་ཐེངས་ཁྲི་15ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་1300ལྷག་ལ་སློབ་གསོ་ཐེབས་པ་དང་། ལག་ལེན་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་13ལྷག་ཙམ་གཉེར་བར་མང་ཚོགས་ཞུགས་ཚད་མི་ཐེངས་ཁྲི་1000ལྷག་ཙམ་ཟིན་ཡོད་པ་རེད།

ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝུའུ་ཡཱ་སུང་གིས། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི“མཐོར་གཏོང་ལོའི”ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས། བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ཐོག་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འདྲེས་མཐུན་སྦྱོར་ལ་མཐོང་ཆེན་བྱེད་པ། རྟེན་གཞི་གསར་གཏོད་མངོན་གསལ་དོད་པ་བཅས་བྱས་པས། སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྲོལ་ངན་འདོར་བ་དང་། ཡུལ་སྲོལ་གོམས་གཤིས་སྒྱུར་བ། བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་དོན་གཉེར་བྱེད་པ་བཅས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་ཇེ་ཆེར་ཕྱིན་ཏེ་ལས་བརྩོན་ཕྱུག་འགྱུར་ལ་བརྟེན་ནས་ཚེ་ད་ཆའི་བདེ་སྐྱིད་འཚོ་བ་གཏོད་པའི་ངར་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསར་འགོད་པར་གསུངས་པ་རེད།

ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཧའེ་པོ་ཡིས“སྣ་མང་ཅན་དང་གནད་སྨིན་ཅན་གྱི་སྒྲོག་འགྲེལ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་ཡོངས་སུ་ལངས་གཟུགས་ཅན་གྱི་སྒྲོག་འགྲེལ་རྣམ་པ་ཞིག་ཆགས་པ་དང་འབྲེལ། སློབ་གྲྭ་དང་། གྲོང་ཚོ། ཁེ་ལས། དགོན་སྡེ་བཅས་སུ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’དཔེ་སྟོན་ལྟེ་གནས་གཏོད་དེ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’འགྲན་སློབ་བསྙེགས་བརྒལ་གྱི་དར་སྲོལ་བཟང་པོ་ཞིག་ཆགས་ཡོད”ཅེས་གསུངས་པ་རེད།

ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཡན་ཧུང་གིས། སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་བསྟུན་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ལས་ཤེས་རྒྱ་ཆེ་རུ་འགྲོ་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་ཡོང་འབབ་མང་དུ་འགྲོ་བ། ཏང་གི་རྗེས་སུ་འབྲངས་ཏེ་མི་རབས་ནས་མི་རབས་བར་ཕྱུག་པོ་ཆགས་པ་བཅས་ཞིང་འབྲོག་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད་ཅེས་གསུངས་པ་རེད།

གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་རུང་ཤིན་ལུང་གིས། “2019ལོར། གཞིས་རྩེ་གྲོང་ཁྱེར་གྱིས་གསར་གཏོད་བྱེད་སྟངས་དང་བྱེད་ཐབས་ཐད་བྱ་ཐབས་དངོས་བཏོན་པ་དང་རྒྱུན་རྣམ་དང་ཕུགས་ཕན་ཡོང་ཆེད་འཚོལ་ཞིབ་ཧུར་ཐག་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཞིས་རྩེར་དོན་འཁྱོལ་ཐུབ་པ་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མགོ་ནས་མཇུག་བར་ཀློག་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་སོགས་ཀྱི་ལག་ལེན་བྱེད་སྒོ་ཐེངས་ཁྲི་12.8ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། མང་ཚོགས་ཁྱོན་མི་ཐེངས་ཁྲི་288.8ཞུགས་པ་དེ་ན་ནིང་གི་དུས་མཚུངས་ལས་138%འཕར་ཡོད”ཅེས་གསར་འགོད་པར་གསུངས་པ་རེད།

མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་བསོད་ནམས་ཚེ་བརྟན་གྱིས། “བསམ་བློའི་སློབ་གསོ་ནི་མིའི་བསམ་བློ་འཛུགས་སྐྱོང་བྱེད་རྒྱུ་དེ་ཡིན་པ་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་བསམ་བློའི་སློབ་གསོ་བཏང་བ་བརྒྱུད། མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་ཐད་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། མི་རིགས་ཁག་གི་མང་ཚོགས་ཚོའི‘བརྟན་ལྷིང་དང་། དབུལ་སྒྲོལ། སྣེ་ཁྲིད། འགྱུར་ལྡོག་བཅས་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི’རང་ངོས་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་གསུངས་པ་རེད།

ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲོའུ་ཆིན་ཁོ་ཡིས། “2019ལོར་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་ལས་དོན་གྱི་རྨང་གཞིའི་ཐོག་ནག་ཆུས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱང་ཐང་གི་བུ་ཕྲུག་གིས་ཏང་དྲིན་འཇལ་བ་དང་། ‘ཡང་དག་པའི་ཆོས་ལུགས་ཀྱི་ལྟ་བ་འཛུགས་པ་དང་འཛད་སྤྱོད་ལུགས་མཐུན་གྱི་ལག་ལེན་ཆེ་མོའི’བྱེད་སྒོ‘གུང་ཁྲན་ཏང་བསླེབས་པས་སྡུག་བསྔལ་བདེ་ལ་འཁོད’ཅེས་པའི་ཐོལ་ཤོད་སོགས་རང་འདེམས་བྱ་སྤྱོད་ཀྱི་ལག་ལེན་བྱེད་སྒོ་ཁག་14སྤེལ་བར་གཞི་རིམ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད”ཅེས་གསུངས་པ་རེད།

ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲའོ་ཅན་གོ་ཡིས། “ཆབ་མདོ་གྲོང་ཁྱེར་གྱིས‘མཐོར་གཏོང་ལོའི’ལས་དོན་བཀོད་སྒྲིག་ལྟར། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་བྱེད་སྟངས་གསར་གཏོད་དང་། གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ཕྱོགས་བསྡུས་ཇུས་བསྟར་བཅས་བྱས་ཏེ། སློབ་གསོ་ལག་ལེན་བྱེད་སྒོ་བརྒྱུད་ནས་གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་སྟེ། གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དམིགས་བསལ་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསར་འགོད་པར་གསུངས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)