《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

ཧུའུ་པེའི་རྒན་ཡོལ་ཞུས་པའི་མི་དམངས་ཉེན་རྟོག་པ་ཧོང་དབྱི་ཧྲེང་གིས་བོད་ལ་བཅངས་པའི་བརྩེ་སེམས་ཟབ་མོ།

ལྷམ་ཆ་700དང་བོད་ལ་ཐེངས་5བསྐྱོད་པའི་ལམ་བུ།

ཧོང་དབྱི་ཧྲེང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཧྲེ་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་མི་དམངས་ཉེན་རྟོག་པ་ཞིག་ཡིན་ཞིང་། འདི་ལོ་ལོ་66ལ་སླེབས་ཡོད། ད་ཐེངས་ནི་ཁོང་བོད་ལ་དངོས་ཟོག་ཞལ་འདེབས་བརྒྱབ་པར་ཡོང་ཐེངས་ལྔ་པ་དེ་ཡིན། ལོ་5ཡི་རིང་ཁོང་གིས་སྤྱི་ལེ་4100ཡི་ལམ་ཐག་བརྒྱུད་ཆུ་གསུམ་རྫོང་དུ་བསྟུད་མར་ཐེངས་5ཡོང་ནས་ཧུའུ་བོད་ས་ཆ་གཉིས་ཀྱི་མི་རིགས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་།

འདི་ལོའི་ཟླ་10པར་རྒྱལ་སྟོན་བཏང་ཟིན་མེད་རུང་ཧོང་དབྱི་ཧྲེང་གིས་ཧོང་ཧྲེ་ནས་རྡོག་ཐོན་བྱས་ཏེ་འཇིབ་ཆུང་ཞིག་བསྡད་ནས་དངོས་ཟོག་འཁྱེར་བཞིན་ཆུ་གསུམ་རྫོང་དུ་ཡོང་། ལམ་བར་དུ་དྲག་ཆར་བབས་པ་དང་། ཁ་བ་བབས་པ། རླངས་འཁོར་འགག་པ་སོགས་ཀྱི་བར་ཆད་མི་ཉུང་བ་ཞིག་འཕྲད་མོད། འོན་ཀྱང་ཆུ་གསུམ་རྫོང་ནི་ཁོང་གིས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་ཉག་ཅིག་དེ་རེད།

ཉིན་5ཡི་རྗེས་ཧོང་དབྱི་ཧྲེང་གཞི་ནས་ཆུ་གསུམ་རྫོང་དུ་འབྱོར། རྫོང་སློབ་འབྲིང་དུ་འབྱོར་སྐབས་ཁོང་གིས་རླངས་འཁོར་ནས་ལྷམ་བླུགས་པའི་འགྱིག་ཤོག་དམར་པོ་13བླངས་ཏེ་སློབ་མ་ཚོར་སྤྲད། ལྷམ་སྤྲད་ཚར་རྗེས་ཁོང་གིས་ཤོག་ཆག་མཐུག་པོ་ཞིག་བཏོན་ནས་ཆུ་གསུམ་གྲོང་རྡལ་སློབ་ཆུང་གི་སློབ་སྤྱིར་སྤྲད་བཞིན་དུ“འདིའི་ནང་སྒོར་6000ཡོད་པ་དེ་ང་ཚོ་ནང་མི་ཚང་མའི་སེམས་པའི་མཚོན་བྱེད་ཡིན”ཞེས་རྣམ་ཀུན་སྐད་ཆ་མང་པོ་དེ་ཙམ་མེད་པའི་ཁོང་གི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བཤད།

ཧོང་དབྱི་ཧྲེང་གིས་སློབ་མ་ཚོར་ཞལ་འདེབས་བརྒྱབ་པའི་ལྷམ་ཚང་མ་ཁོང་གི་བཟའ་ཟླ་ཧུའུ་གཡོད་མེ་ཡིས་བཙེམས་པ་ཤ་སྟག་རེད། “ལྷམ་ཆ་380དེ་དག་ངའི་བཟའ་ཟླས་ལོ་གཅིག་ནང་བཙེམས་པ་ཞིག་རེད། ཁོང་གིས་ཉིན་གཅིག་ལ་ཆ་སྙོམས་ལྷམ་ཆ་རེ་འཚེམ་གྱི་ཡོད་པ་དང་། སྐབས་རེ་ནང་ལས་མང་དུས་ལྷམ་བཙེམས་ནས་མཚན་མོའི་ཆུ་ཚོད་བཅུ་གཉིས་བར་སྡོད་ཀྱི་ཡོད”ཅེས་ཧོང་དབྱི་ཧྲེང་གིས་བཤད།

དེ་སྔོན་ཧོང་དབྱི་ཧྲེང་གིས་ཆུ་གསུམ་རྫོང་ལ་ཀམ་པ་ལི་དང་གྱོན་གོས་སོགས་སྤྲོད་ཀྱི་ཡོད་མོད། འོན་ཀྱང་ན་ནིང་ནས་བཟུང་ཁོང་གིས་ལྷམ་སྤྲད་པ་དེ་ནི་སྔོན་མ་ཆུ་གསུམ་རྫོང་དུ་ཡིད་སྐྱོ་བའི་གནས་ཚུལ་ཞིག་མཐོང་བ་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ཡང་2017ལོར་ཁོང་ཆུ་གསུམ་རྫོང་ཤག་བྱང་ཤང་སློབ་ཆུང་དུ་ཞལ་འདེབས་རྒྱག་པར་ཡོང་སྐབས་སློབ་མ་ཚོས་གྱོན་པའི་ལྷམ་རལ་པ་ཤ་སྟག་ཡིན་པ་མ་ཟད། རྐང་པའི་མཛུབ་མོ་ཡང་མཐོང་གི་ཡོད། “སྐབས་དེ་དུས་ཟླ་9པའི་ཟླ་མཇུག་ཏུ་སླེབས་ཡོད། ཤག་བྱང་ཤང་ས་བབ་མཐོ་ལ་གནམ་གཤིས་གྲང་བ་དང་ས་གཞི་ཡོངས་སུ་འཁྱགས་པའང་ཐེབས་འདུག ཕྲུ་གུ་ཚོའི་སྣང་ཚུལ་དེ་མཐོང་སྐབས་ང་རང་སེམས་པ་དབང་མེད་དུ་སྐྱོ་བྱུང”ཞེས་ཧོང་དབྱི་ཧྲེང་གིས་ཕྱིན་དྲན་བྱེད་བཞིན་བཤད།

རང་ཡུལ་དུ་ལོག་རྗེས་ཁོང་གིས་ཡིད་སྐྱོ་བའི་གནས་ཚུལ་དེ་རང་ཉིད་ཀྱི་བཟའ་ཟླར་བཤད་པ་དང་། ཁོང་གཉིས་པོས་གྲོས་བསྡུར་བྱས་མཐར་ལྷམ་བཙེམས་ནས་ཕྲུ་གུ་ཚོར་སྤྲོད་རྒྱུའི་སེམས་ཐག་བཅད།

2018ལོར་ཧོང་དབྱི་ཧྲེང་གིས་སླར་ཡང་བོད་དུ་ཡོང་ནས་ལྷམ་ཆ་320དེ་ཆུ་གསུམ་རྫོང་དུ་བསྐྱལ།

ཧོང་དབྱི་ཧྲེང་གི་བཟའ་ཟླ་ཧུའུ་གཡོད་མེ་ད་ལོ་ལོ་67ལ་སླེབས་ཀྱི་ཡོད་པ་དང་། ཁོང་གི་མིག་གསལ་པོ་མེད་སྟབས་ལྷམ་འཚེམ་སྐབས་རྟག་ཏུ་ལག་པར་ཁབ་ཟུག་གི་ཡོད། དེ་ལྟར་ལོ་ཁ་ཤས་སོང་རྗེས་ཁོང་གི་ལག་པའི་ངོས་སུ་རྨ་ཤུལ་གྱིས་ཁེངས་པ་མ་ཟད་ཁབ་ཀྱང་20ལྷག་ཙམ་ཆག་ཡོད། “ཆུ་གསུམ་རྫོང་གི་ཕྲུ་གུ་ཚོས་ཁོང་གི་བཙེམས་པའི་ལྷམ་གྱོན་པ་ཤེས་སྐབས་ཁོང་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག་ལ། ཁོང་གིས་ད་དུང་སང་ལོ་ཡང་ལྷམ་ཆ་400འཚེམ་རྒྱུ་ཡིན་ཞེས་ཟེར་གྱི་འདུག”ཅེས་ཧོང་དབྱི་ཧྲེང་གིས་འཛུམ་དམུལ་དམུལ་ངང་བཤད།

2014ལོར་མི་ཚེ་ཕྱེད་ཀ་བཙོན་སྲུང་བ་བྱས་པའི་ཧོང་དབྱི་ཧྲེང་རྒན་ཡོལ་ཞུས། མ་གཞི་ཁོང་རྒན་ཡོལ་ཞུས་རུང་ལས་ཀ་བྱེད་པའི་སེམས་ཤུགས་སྔར་བཞིན་ཉམས་མེད་དེ། ཆུ་གསུམ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྲོང་ཁྱེར་ཞིག་ཡིན་པའི་ཧོང་ཧྲེ་གྲོང་ཁྱེར་གྱིས་ལོ་དེའི་ཟླ་12པར“བརྒྱ་ཟུང་གི་རོགས་སྐྱོར”གྱི་བྱེད་སྒོ་སྤེལ་བས་ཁོང་གིས་མ་སྐུལ་དང་བླངས་ངང་ཞུགས།

2015ལོར་ཁོང་བོད་ལ་ཐེངས་དང་པོ་ཡོང་བ་དང་། ལོ་དེར་ཆུ་གསུམ་རྫོང་གི་སློབ་ཆེན་སློབ་མ་བསྟན་འཛིན་པད་མ་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་དུ་གྱུར། དུས་དེ་ནས་བཟུང་ཁོང་དང་བོད་དབར་ལས་འབྲེལ་ཟབ་མོ་ཆགས་ནས་བོད་སྐྱོར་གྱི“གཅེས་སེམས་ཀྱི་རྒྱང་སྐྱོད་ལམ་བུར”སྐྱོད་འགོ་ཚུགས།

ལོ་5ཡི་རིང་ཧོང་དབྱི་ཧྲེང་གིས་བོད་དུ་ཐེངས་5ཡོང་བ་དང་། རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་ཁྲི་4ལྷག་ཙམ་བསྐྱོད་ནས་དངོས་ཟོག་སྣ་ཚོགས་དང་དངུལ་སྨར་སྒོར་ཁྲི་18ཞལ་འདེབས་བརྒྱབ་པ་ནི་གླ་ཕོགས་སྒོར་6000ཡང་ཟིན་གྱི་མེད་པའི་བགྲེས་སོང་ཁོང་གཉིས་ཀྱི་ངོས་ནས་བརྗོད་ན་དངོས་འབྲེལ་ལས་སླ་པོ་ཞིག་གཏན་ནས་མིན།

(སྐལ་མཆོག་གིས་བསྒྱུར། རིག་རྡོར་གྱིས་ཞུས)