《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས།

གྲོང་གསེབ་ལ་འཕྲིན་གཏོང་ཁྱབ་ཚད“བརྒྱ་ཆ་དགུ་བཅུ་ལས་བརྒལ་བ་ གསུམ”གྱི་དམིགས་ཚད་མངོན་འགྱུར་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཉག་ལེབ་གྲོང་ཚོར་འོད་སྐུད་དྲ་ཆེན་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་སྲིད་འཛིན་གྲོང་ཚོར་4Gདྲ་རྒྱ་དང་། སྲིད་འཛིན་གྲོང་ཚོར་འོད་སྐུད་དྲ་ཆེན། རྒྱལ་ལམ(གཙོ་གནད་མཛེས་ལྗོངས་ཁུལ་ཚུད་པ)དུ་4Gདྲ་རྒྱ་བཅས་འཁྲིད་ཚད་ཆ་སྙོམས་90%ལྷག་ཙམ་ཟིན་ནས་བོད་ཀྱི་གྲོང་གསེབ་ཏུ་འཕྲིན་གཏོང་ཁྱབ་ཚད་ཀྱི་ལས་རྗེས་གསར་པ་སླར་ཡང་བཏོད་པ་རེད།

འདི་ལོའི་ལོ་འགོར་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས“བརྒྱ་ཆ་དགུ་བཅུ་ལས་བརྒལ་བ་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐབས་ཇུས་གལ་ཆེན་བཟོས་པ་དང་། ཟླ་3པར་ཇུས་གཞི་ལག་བསྟར་བྱས་པ། ཟླ་4པར་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུ་ལེགས་གྲུབ་བྱས་པ། ཟླ་6པར་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་ཡོད། མཐོ་གྲང་གསོ་རླུང་དཀོན་པ་དང་། ཨར་སྐྲུན་ཆ་རྐྱེན་ཞན་པ། མ་དངུལ་ཁ་ཐང་བ། རྣམ་གྲངས་ཀྱི་དོ་དམ་མི་སྣ་དཀོན་པ། ལྕགས་སྒྲོམ་རྩིས་སྤྲོད་དུས་ཡུན་རིང་བ། ཉོ་སྒྲུབ་ཟོག་འདྲེན་དུས་ཡུན་རིང་བ་སོགས་ཀྱི་དཀའ་གནད་སྣ་ཚོགས་ལ་དམིགས་ཏེ། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་གཉིས་སྡེ་ཚན་གྱིས་སྒྲིག་འཛུགས་ནུས་ལྡན་བྱས་ཏེ། བྱེད་ཐབས་དངོས་ལ་བརྟེན་ནས་འགྲུབ་དཀའ་བའི་དམིགས་ཚད་མངོན་འགྱུར་བྱས་པས། ལོ་ཕྱེད་ཙམ་རིང“བརྒྱ་ཆ་དགུ་བཅུ་ལས་བརྒལ་བ་གསུམ”གྱི་ལོ་འཁོར་མོའི་འཛུགས་སྐྲུན་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་རེད།

2016ལོ་ནས་བཟུང་། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་གློག་འཕྲིན་ཁྱབ་གདལ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་ཁག་བཞི་དང་། གྲོང་གསེབ་ཀྱི་800M LTEབསྐྱར་འཛུགས་རྣམ་གྲངས།“བརྒྱ་ཆ་དགུ་བཅུ་ལས་བརྒལ་བ་གསུམ”སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་ལག་ལེན་བསྟར་བ་དང་། རིམ་རྩིས་བྱས་ན། སྲིད་འཛིན་གྲོང་ཚོར་འོད་སྐུད་ཀྱི་གཅུས་སྒོ་ཁྲི་20ལྷག་ཙམ་བསྒར་བ་དང་། 4Gཡི་སྦྲེལ་ཚུགས་4950ལྷག་ཙམ་བཙུགས་པ། རིང་ཚད་སྤྱི་ལེ་ཁྲི་4ལྷག་ཙམ་གྱི་འོད་སྐུད་སྣ་ཚོགས་འཁྲིད་པ་བཅས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་13ལྷག་ཙམ་བཏང་བ་རེད།

(སྐལ་མཆོག་གིས་བསྒྱུར། རིག་རྡོར་གྱིས་ཞུས)