《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月29日

༄༅ཟླ་འོད་འོག་ཏུ་ཕ་ཡུལ་དྲན་པ་།

ཟླ་བ་ལིའི་རྔ་བོ་ཆེ་ཞིག་དང་འདྲ་བར་གཏོར་གཟུགས་ལྷུན་པོའི་རྒྱབ་ནས་དལ་གྱིས་མཁའ་རུ་འཕགས། ཟླ་ཟེར་འོ་མ་སྨག་གི་རྒྱ་མཚོར་འཛུལ་ཏེ་ཞིང་གྲོང་གི་ཁང་དབྱིབས་རབ་རིབ་ཏུ་གསལ། བསིལ་བསེར་གྱི་རླུང་བུ་ཡང་གཉིད་ལས་སད་དེ་འུར་དང་བཅས་གཡུག་འགོ་ཚུགས། ང་རང་གི་མདུན་དུ་མཁའ་དབྱིངས་ལ་བརྟག་པའི་རྒྱང་ཤེལ་ཞིག་མེད་པ་མ་གཏོགས་གནམ་རིག་མཁས་པ་ཞིག་དང་འདྲ་བར་སྒོ་རའི་ནང་དུ་ཀེ་རེར་མགོ་བོ་བགྱིས་ཏེ་མཚན་གྱི་བར་སྣང་མཐོངས་སུ་ལྟ་བཞིན་གློ་བུར་དུ་ཁེར་རྐྱང་གི་རང་ཉིད་དྲན། །

བསམ་སར་མ་ཕྱིན་གསེག་སར་ཕྱིན་ཞེས་པ་ལྟར་དོ་དགོང་ཟླ་བ་དེས་ང་རང་ཕ་ཡུལ་དྲན་པའི་གདུང་བའི་རྨ་དཀྲིས་དེ་འགྲོལ་གྱིན་འདུག་ལ། ཟླ་ཟེར་དེ་ཤེལ་ཚྭ་བཞིན་རྨ་ཁ་རུ་ཟག་གིན་འདུག འོད་དཀར་མེ་ལོང་གི་ངོས་སུ་ལ་ཀླུང་མང་པོའི་ཕར་བརྒྱབ་ན་གནས་པའི་ཕ་ཡུལ་གྱི་རྣམ་པ་འཆར་བྱུང་། དགུན་ཟླ་ཚེས་ཙམ་ཡིན་ནའང་ཕ་ཡུལ་ན་བྱས་པའི་ལས་ལ་ཚར་དུས་མེད་པས་ས་ལུད་སྐྱེལ་འདྲེན་གྱི་བོང་བུའི་ཏོང་ཏོང་གི་སྐད་སྒྲ་དང་དགུན་གྱི་ཐག་ཆུ་གཏོང་བའི་བྱ་བ་ཕྲན་ཚེགས་ལས་བྲེལ་ཚུབ་ཅིག་མངོན་གྱིན་འདུག་ལ། དཔྱིད་རྨོད་སྟ་གོན་གྱི་ངལ་བས་དོ་དགོང་གི་ཟླ་བ་དེར་ལྟ་མཁན་སུ་ཞིག་ཡོད། འོན་ཀྱང་མཚན་གཞུང་གོམ་གྱིས་གཤག་མཁན་གྱི་ཟླ་བ་ཁེར་འགྲོ་འདི། ཕ་ཡུལ་གྱི་མཚན་དགུང་ན་བཀྲག་ལྷག་གེར། ཟགས་པའི་ཟླ་ཟེར་ཡང་དྲོ་སོབ་སོབ་ཅིག་ཡིན་ངེས་ཨང་། ཨ་ཙི། གཞན་ཡུལ་གྱི་བཅོ་ལྔའི་ཟླ་བའི་དཀར་ཆ་ཇི་ལྟར་ཆེ་ཡང་། གཟུགས་དབྱིབས་ཇི་ལྟར་ཟླུམ་ཡང་། མཚན་མོའི་དབྱིངས་སུ་ལྟ་ཐེངས་རེར་སྣང་བ་དེ་བརྗོད་མ་ཤེས་པའི་སྐྱུར་མོ་ཞིག ད་ནི་བྱེས་སུ་བཏེགས་པའི་ལམ་ཁ་རིང་པོའི་ནང་ཕ་ཡུལ་དྲན་པའི་གདུང་གསོའི་སྨན་མཆོག་ཅིག་བདག་ལ་ད་དུང་རག་མ་བྱུང་། །

གང་མཚམས། ལྒང་བ་ཅི་ཞིག་གིས་སྦོས་པའི་ཚ་བིར་བིར་གྱི་སྣང་བ་ལས། ད་གིན་རང་ཉིད་གསང་སྤྱོད་ལ་ཡོང་བ་དྲན་ཏེ། ལམ་སེང་སྒོ་ར་ལས་ཁ་བྲལ་ཏེ། སྨག་མཐུག་པས་མ་མཐོང་བ་མ་གཏོགས་ཐལ་འཚུབ་འཕྱུར་རེར་གསང་སྤྱོད་ཀྱི་ཕྱོགས་སུ་རྒྱུག་དགོས་བྱུང་། །