《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月29日

༄༅། །ཨ་མ་དྲན་གླུ

བཅུ་དྲུག་ལང་ཚོའི་དཀྱིལ་འཁོར་བྱེས་ལ་འཁུར་འཁུར་བའི། །

བག་མེད་འདོད་པའི་བྱེ་རྡུལ་རླུང་ལ་བསྐུར་བསྐུར་བའི། །

ཞི་དུལ་བག་ཚའི་ཟ་འོག་སྐུ་ལ་གསོལ་གསོལ་བའི། །

འཇིག་རྟེན་ལས་ཀྱིས་བསྐོས་པའི་སྙིང་གི་མ་མ་དྲན། །

བརྩེ་བའི་ཞུན་མ་ཞེ་ཡི་སྦུབས་ན་འཁྱིལ་ཆེ་ཞིང་། །

བྱམས་བརྩེ་དྲོན་མོ་ཁོག་ན་མེ་ལྟར་རབ་འབར་བའི། །

བུ་ཡི་རྒྱབ་རྟེན་མོས་པས་གཏན་དུ་ལྷུར་ལེན་པ། །

སེམས་ན་བཞད་པ་དཔལ་འབར་ལྟ་བུའི་མ་མ་དྲན། །

མཐོ་བར་ངོ་དགའ་འཁྲབ་པའི་སྤྲེལ་ལད་མ་ཤེས་ཤིང་། །

དམའ་བ་ཁྱད་དུ་གསོད་པའི་རིང་ལུགས་མ་འཛིན་པར། །

ཁྲེལ་དང་ངོ་ཚའི་ས་མཚམས་ལེགས་པར་ཕྱེ་མཛད་པ། །

འཁྱོག་པོར་མ་སོང་ཉག་ཕྲན་ལྟ་བུའི་མ་མ་དྲན། །

དགའ་ན་དགའ་གཏམ་ཤོད་ས་གཏམ་གྱི་གཉེན་ཉེ་དང་། །

སྡུག་ན་སྡུག་གཏམ་བརྗོད་ས་ཆོ་ངེའི་སྡོང་གྲོགས་སུ། །

གུ་ཡངས་བདག་ལ་སྩོལ་བའི་སྐྱབས་མགོན་ཏེ། །

སེམས་པའི་སྐྱོར་ཡ་རོལ་མོ་ལྟ་བུའི་མ་མ་དྲན། །

བགྲང་བྱའི་ཐེམ་པ་ཇི་སྙེད་བརྒལ་བའི་མ་རྒན་གྱི། །

ལང་ཚོའི་མེ་ཏོག་འབྱུང་བཞིས་ཡང་དུ་བཅོམ་བྱེད་ཀྱང་། །

གཞོན་ནུའི་མཛེས་སྡུག་ཤ་གསེང་རུས་གསེང་ཁོང་ན་སྦས། །

སེམས་ན་ནུབ་མེད་ཟླ་དཀར་ལྟ་བུའི་མ་མ་དྲན། །

ས་མཐའི་འཁྱམ་པོ་ཁེར་རྐྱང་ཉམ་ཐག་གི་བུ་ཆུང་། །

ལམ་མདོའི་ཁ་ན་ཅི་འགྲོ་འདི་འགྲོ་ནི་མེད་པས། །

ལེགས་ཉེས་བླང་དོར་གྲོས་སུ་འདེབས་པའི་སྐྱབས་གཅིག་པུ། །

བློ་ཕུགས་བཅོལ་ས་ལྷུན་པོ་ལྟ་བུའི་མ་མ་དྲན། །

ཡང་དག་ཕྱོགས་སུ་ཤ་ཚའི་མཛུབ་སྟོན་གསལ་པོ་དང་། །

འཁྲུལ་བའི་ས་ལ་གོམ་པ་གང་ཡང་ཤོར་དོགས་ཀྱིས། །

ཉམས་མྱོང་བསླབ་བྱ་ཐབས་ཀྱིས་གདམས་པ་ཐུགས་བརྩེ་བའི། །

ལེགས་ཉེས་ཕྱེ་རོགས་མེ་ལོང་ལྟ་བུའི་མ་མ་དྲན། །

ཇི་སྲིད་ལ་དང་ཀླུང་གིས་བར་ཐག་རིང་གྱུར་པ། །

དེ་སྲིད་དྲན་གདུང་ལྕི་མོས་ཡང་ཡང་མནར་བཞིན་དུ། །

ཉིན་མཚན་དུས་དྲུག་སེམས་ནས་བར་མེད་སྒོམ་དགོས་པ། །

སྣང་བའི་ལོག་མལ་དྲན་ཤིང་ལྟ་བུའི་མ་མ་དྲན། །

འཇིག་རྟེན་ལས་ཐབས་བཙན་པོའི་འགན་འཁྲི་ཡི་ཁུར་ཆེན། །

ནུས་མེད་བུ་ཡི་ཐོག་ཏུ་འབབ་རྒྱུར་བག་ཟོན་གྱིས། །

མི་ཆོས་སྐྱོང་བའི་གནས་ལུགས་འཆད་ལ་རབ་བྱང་བའི། །

རྨོངས་བུའི་ལམ་སྒྲོན་མར་མེ་ལྟ་བུའི་མ་མ་དྲན། །

ཉམ་ཐག་བུ་རུལ་ཐག་རིང་མི་ཡི་ཡུལ་གྲུ་ན། །

འཁྱར་ཏེ་དབང་ཤེད་དྲག་པོའི་དུས་ཀྱི་ཕང་བ་ནས། །

ཁེར་བུའི་གདུང་དབྱངས་ཕ་ཡུལ་ཕྱོགས་ལ་གྱེར་བཞིན་དུ། །

དྲན་པའི་ལྷན་ཐབས་ཕུགས་ནོར་ལྟ་བུའི་མ་མ་དྲན། །