《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月29日

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ནི་ཟླ་12ཚེས་26དང་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་འབྲེལ། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚང་འཛོམས་གྲོས་ཚོགས་ཐོག་ལས་དོན་སྙན་སྒྲོན་གནང་བ་དང《ལག་བསྟར་བསམ་འཆར〈གྲོས་བསྡུར་མ་ཟིན〉》ལ་གསལ་བཤད་ཀྱང་གནང་བ།

ཟླ་12ཚེས་26དང་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཟླ་12ཚེས་26དང་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་པ་མ་ཟད། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས〈ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ལག་བསྟར་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་2019ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2020ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཚོགས་འདུ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་འབྲེལ་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་སྒྲོན་གནང་ནས《ལག་བསྟར་བསམ་འཆར〈གྲོས་བསྡུར་མ་ཟིན〉》ལ་གསལ་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་2020ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེང་ཡུང་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་དང་ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བ་འགན་ལེན་དུ་བྱས་པ་དང་ཆབས་ཅིག དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་གྱི་གལ་ཆེན་ནང་གི་འགངས་ཆེན་གྱི་བྱེད་སྒོ་གཉིས་ལ་དམིགས་པ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་མགྱོགས་མྱུར་འཕེལ་རྒྱས་དང་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི། རང་རེའི་ཏང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་རང་རྒྱལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་སྐབས་སུ་གནས་པའི་དུས་སུ་འཚོགས་པའི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་2019ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ་མ་ཟད། 2020ལོའི་དཔལ་འབྱོར་ལས་དོན་གྱི་དུས་བབ་ལས་འགན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པར་བརྟེན། ང་ཚོས་ཡིད་ཆེས་བརྟན་པོ་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ”པའི་འཆར་འགོད་བདེ་བླག་ངང་མཇུག་བསྡུ་བའི་འགན་ལེན་ལ་གལ་འགངས་ཆེ་ཞིང་ཕུགས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་ནན་བཤད་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ། དེ་བས་ལེགས་པའི་སྒོ་ནས་ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ནུས་པར་འགྱུར་བར་བྱེད་དགོས། “མཐའ་འཁྱོངས་དང་འཐུས་ཚང་བཅུ་གསུམ”ལག་བསྟར་དོན་འཁྱོལ་ཡག་པོ་བྱས་པའི་རྨང་གཞིའི་ཐོག བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཇོན་ཐང་དྲུག་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། གཅིག་ནས་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་ལྟ་བ་བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཉིས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གསུམ་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བཞི་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལྔ་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དྲུག་ནས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གིས་བོད་ལ་སྲིད་སྐྱོང་བའི་གནས་བབ་བརྟན་དུ་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་ནི། གཅིག་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས། གསར་གཏོད་འཕེལ་རྒྱས་ལ་གཞོལ་བར་ཤུགས་སྣོན་བརྒྱབ་སྟེ་བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་བརྗེས། སྒྱུར་བཅོས་ཟབ་གཏོང་བཅས་བྱས་ནས་གསར་གཏོད་ལ་བརྟེན་ནས་མཉམ་འགུལ་དང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པ་དང་། མཐུན་སྦྱོར་འཕེལ་རྒྱས་ལ་གཞོལ་བར་ཤུགས་སྣོན་བརྒྱབ་སྟེ་རིགས་ཁག་གི་རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་འཁོར་སྐྱོད་དང་ཕན་ཆེ་གཅིག་སྡུད་ལ་སྐུལ་འདེད་བཏང་ནས་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ། ལྗང་མདོག་འཕེལ་རྒྱས་ལ་གཞོལ་བར་ཤུགས་སྣོན་བརྒྱབ་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས་པ། སྒོ་དབྱེ་འཕེལ་རྒྱལ་ལ་གཞོལ་བར་ཤུགས་སྣོན་བརྒྱབ་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས་པ། འཕེལ་རྒྱས་མཉམ་སྤྱོད་ལ་གཞོལ་བར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་དང་། རེ་སྒུག རེ་བ་བཅས་ཀྱི་འཕྲལ་མཁོའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

གཉིས་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་དགོས། “བརྟན་པོ་དྲུག”གི་ལས་དོན་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བྱེད་ཐབས་ཞིབ་ཚགས་ཏན་ཏིག་དང་། སྲིད་ཇུས་ཀྱི་ལེ་ལག་ལ་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕན་འབྲས་སྔ་ཙམ་ཐོན་པ་དང་ཕན་འབྲས་མང་ཙམ་ཐོན་པའི་འགན་ལེན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་གཞི་རིམ་དུ་ལས་ཞུགས་དང་། ཁེ་ལས་སུ་ལས་ཞུགས། ནང་སར་ལས་ཞུགས་བཅས་ཐུབ་པར་བྱེད་དགོས། དེ་དང་ཆབས་ཅིག་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་ལེན་སོགས་དམངས་འཚོའི་ལས་དོན་ཧུར་ཐག་སྒྲུབ་པ་དང་། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

གསུམ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས། “དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མུ་མཐུད་ལག་བསྟར། དབུལ་ཞྭ་ཕུད་ཀྱང་མུ་མཐུད་རོགས་རམ། དབུལ་ཞྭ་ཕུད་ཀྱང་མུ་མཐུད་ལྟ་འདོམས”བཅས་ཀྱི་བླང་བྱ་གཞིར་བཟུང་། གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་ལྕགས་འདེབས། ལས་ཞུགས་སྔོན་འགྲོ བོད་སྐྱོར་རོགས་རམ། སྤྱི་ཚོགས་འགན་ལེན་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱེད་དགོས། “ལྟོ་གོས་ཀྱི་གནད་དོན”དོ་དམ་བྱེད་དགོས་ལ“བསམ་བློའི་གནད་དོན”ལའང་དོ་དམ་མཐའ་འཁྱོངས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་ལྡན་པའི“སློབ་གཞི”ཡག་པོ་སྤྱོད་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མངོན་པ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ་དེ་བས་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

བཞི་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “ཞིང་གསུམ”ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། ཞིང་ལས་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྤྱི་ཚོགས་ཀྱི་དམིགས་ཚད་དང་ཡང་ཡང་བསྡུར་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དེ“ཞིང་གསུམ”ལས་དོན་གྱི་དམ་འཛིན་བྱ་གཞི་གཙོ་བོར་བརྩི་བ་དང་། འགོ་ཁྲིད་ལ་ཤུགས་སྣོན་དང་། ཐོན་ཁུངས་གཅིག་སྡུད། འགན་ལེན་ལ་ཤུགས་སྣོན། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པ། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ལམ་སྲོལ་བཟང་པོ་མགྱོགས་མྱུར་ཆགས་པ་བཅས་བྱས་ཏེ་ཕྱོགས་ཡོངས་འབྱོར་འབྲིང་ཡོང་བའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མཐའ་གཅིག་ཏུ་གསབ་དགོས། མི་འབོར་དང་སྤྱི་པའི་ཐོན་ཁུངས་སོགས་འོས་འཚམ་གཅིག་སྡུད་ཀྱི་གནད་དོན་ལ་ཞིབ་འཇུག་དང་དོན་འཁྱོལ་ཡོང་བར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞི་ཁྱོན་གཉེར་སྐྱོང་དང་ལེགས་བསྡུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལྔ་ནས་དཔལ་འབྱོར་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། དབང་ཆ་གཤམ་སྤྲོད་དང་ལས་ཁུངས་ཁུ་བསྡུ་དང་ས་གནས་ཀྱི་འབྲེལ་མཐུད་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཞིབ་མཆན་གྱི་དུས་ཚོད་ཁུ་བསྡུ་བྱེད་དགོས། ཁེ་ལས་ཀྱིས་ཐོན་འབབ་ཕན་འཕར་དང་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་གཞུང་ཁོངས་ཁེ་ལས་དང་རྒྱལ་ཁབ་རྒྱུ་ནོར་སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། ནོར་ཁྲལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སྲིད་གཞུང་གིས་བུ་ལོན་གཡར་བ་དང་མ་དངུལ་བསྡུ་སྒྲིལ་གྱི་ལམ་སྲོལ་ཚད་ལྡན་དུ་གཏོང་དགོས། བདག་དབང་ལམ་ལུགས་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་གསར་གཏོད་ཟབ་ཏུ་བཏང་ནས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ལྗོངས་ཏང་ཨུད་ཀྱི《ལག་བསྟར་བསམ་འཆར》སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཀྲུང་དབྱང་གི《གཏན་འབེབས》སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྒྲིག་ཁྲིམས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་པ། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ས་གནས་ཁག་དང་སྡེ་ཚན་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ལག་བསྟར་བསམ་འཆར》ནང་ཁ་གསལ་བཏོན་པའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཁ་ཚ་དགོས་གཏུགས་ཀྱི་ལམ་ལུགས་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་གསར་པ་སྐོང་བའི་འཕྲལ་མཁོའི་ལམ་ལུགས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་དགོས་པ། ལམ་ལུགས་ཀྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་ལ་སྣེ་ཁྲིད་བྱེད་དགོས་པ། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དུས་རབས་གསར་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་འགན་གལ་ཆེན་དུ་བརྩིས་ནས་རྒྱ་ཆེའི་ལས་བྱེད་པས་ལམ་ལུགས་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ། ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་འགོ་ཡག་པོ་འཛུགས་པའི་འགན་ལེན་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་མཐའ་འཁྱོངས་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

ཚོགས་ཆེན་རྒྱལ་སྤྱིའི་གླུ་གཞས་ཀྱི་སྒྲའི་ཁྲོད་དུ་གྲོལ་བ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)