《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月29日

ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་བསྒྱུར་ནས་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་སང་ལོའི་དཔལ་འབྱོར་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས〈ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ལག་བསྟར་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུ་འཚོགས་པ་དེས་ང་ཚོས་སྔར་བས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ལྗོངས་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་ཡག་པོ་བསྡུ་བ་བཅས་ལ་ཕུགས་ཀྱི་དོན་སྙིང་གལ་ཆེན་གཏིང་ཟབ་ལྡན་ཡོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཡང་འབྲེལ་བ་ཡོད། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་གལ་ཆེན་དང་དམིགས་ཚད་ལས་འགན་ཁག་ཐོག་གཅིག་ཏུ་བསྒྲིལ་བ། ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་བྱ་སྤྱོད་ངོ་མར་ཧུར་ཐག་འགྱུར་བར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་དམ་པོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་དོ་སྣང་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས།

“རྒྱལ་ཁབ་བཅོས་སྐྱོང་ཡག་པོ་དང་འབངས་རྣམས་བདེ་བར་འགོད་འདོད་ན་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་དགོས” ཀྲུང་གོ་གུང་ཁྲན་ཏང་ཡག་པོ་ཡོད་མེད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཁྱད་འཕགས་ཡོད་མེད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་གསལ་ཤོས་ཤེས་པ་དང་ཁོ་ཚོར་སྐད་ཆ་ཤོད་དབང་ཡང་ཆེ་ཤོས་ལྡན་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་དང་ཕུན་སུམ་ཚོགས་པའི་ལག་ལེན་གྱི་གྲུབ་འབྲས་ལ་དཔང་པོ་བྱས་ཡོད། དུས་རབས་གསར་པའི་འགོ་འཛུགས་ས་གསར་པར་ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་གསར་པར་བསྟུན་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ“མཐའ་འཁྱོངས་དང་འཐུས་ཚང་བཅུ་གསུམ”ལག་བསྟར་དོན་འཁྱོལ་ཡག་པོ་བྱས་པའི་རྨང་གཞིའི་ཐོག་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་བསྟར་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཏང་གིས་བོད་ལ་སྲིད་སྐྱོང་བའི་གནས་བབ་སྔར་བས་སྲ་བརྟན་དུ་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་འགྱུར་བར་བྱེད་དགོས།

འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་རེད། འདི་ལོ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ། “བརྟན་པོ་དྲུག”གི་ལས་དོན་ལ་དམ་འཛིན་ཡག་པོ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བཅས་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་ཡག་པོ་བསྡུ་བར། ངེས་པར་དུ་མངོན་གསལ་དོད་པོས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་མ་ཏན་ཏིག་གཏོང་བ། དཔལ་འབྱོར་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་མ་བརྟན་པོ་གཏོང་བ། ནུས་ཤུགས་ཡོད་རྒུས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པ་བཅས་བྱེད་དགོས།

ཏང་གི་འགོ་ཁྲིད་ནི་ཀྲུང་གོ་བཅོས་སྐྱོང་གི་རྩ་བ་དང་འགག་རྩ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དམིགས་སར་དོན་འཁྱོལ་ཡོང་བར་འགག་རྩ་ནི་ཏང་གི་འགོ་ཁྲིད་ལ་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་ནན་ཏན་གཞིགས་པ་བཅས་ཀྱི་སྒོ་ནས་འགག་སྒྲོལ་དཀའ་སེལ་དང་དུས་བསྟུན་མདུན་སྐྱོད་བྱེད་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས“མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”ལས་ལས་བྱེད་པ་དང་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང“མཐའ་འཁྱོངས་དང་འཐུས་ཚང་བཅུ་གསུམ”གྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པ་གསལ་པོ་བཤད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བརྩེ་བ་ཟབ་མོ་འཆང་བཞིན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་རུ་འཇུག་དགོས།

རང་རེའི་ལམ་ལུགས་སྔར་བས་གནད་སྨིན་དང་སྔར་བས་གཏན་འཁེལ་ཐུབ་ངེས་ཡིན་ལ་ང་ཚོའི་འགྲོ་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་འགྲོ་ངེས་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་སེམས་མཐུན་སྟོབས་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

(བདེ་སྐྱིད་དབང་མོ་དང་བདེ་སྐྱིད་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)