《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་25ཉིན་གནས་ཚུལ་འབྱོར་གསལ། སྐོར་གཟིགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་རྒྱུ་དང་། ཚེས་25ཉིན་གྱི་སྔ་དྲོ་བཅའ་སྡོད་འབྲེལ་གཏུག་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཞིང་ཆེན་མི་འདྲ་བའི་དབར་སྤེལ་རེས་དཔྱད་ཞིབ་ཀྱི་ལས་དོན་ཚོགས་ཆུང་དང་དུས་མཉམ་དུ་བཅའ་སྡོད་ཀྱི་ལས་དོན་སྤེལ་རྒྱུ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་སུན་ཡེ་ཀང་གིས་སྐོར་གཟིགས་ལས་འགན་ཁྱབ་བསྒྲགས་གནང་བ་མ་ཟད། སྐོར་གཟིགས་ལས་དོན་ཡག་པོ་སྒྲུབ་པའི་ཐད་བླང་བྱ་ཡང་བཏོན་གནང་བ་རེད། ཞིང་ཆེན་མི་འདྲ་བའི་དབར་སྤེལ་རེས་དཔྱད་ཞིབ་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གིས་དཔྱད་ཞིབ་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཁྱབ་བསྒྲགས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཆེད་དོན་སྐོར་གཟིགས་ཀྱི་གནད་དོན་དག་ཐེར་བྱས་ཚུལ་དང་2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་བྱེད་སྐབས་ཤེས་རྟོགས་ཐུབ་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་2019ལོའི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།

ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་གཞོན་པ་དང་དེ་བཞིན་འབྲེལ་ཡོད་བློ་མཐུན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཞིང་ཆེན་མི་འདྲ་བའི་དབར་སྤེལ་རེས་དཔྱད་ཞིབ་ཀྱི་ལས་དོན་ཚོགས་ཆུང་གི་བློ་མཐུན་ཚང་མ། ཀྲུང་དབྱང་སྐོར་གཟིགས་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

སུན་ཡེ་ཀང་གིས། དབུལ་སྒྲོལ་འགག་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བའི་གལ་ཆེའི་ནང་གི་འགངས་ཆེ་རེད། དབུལ་སྒྲོལ་འགག་སྒྲོལ་ལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག “སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཐད་ཀའི་མཚོན་ཚུལ་ཞིག་བཅས་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། ངར་ཤུགས་གཅིག་སྒྲིམ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་འགན་ལེན་ནུས་ལྡན་བྱེད་དགོས། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་གི་བླང་བྱ་དང་རང་འགུལ་ངང་བསྡུར་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ཁྲོད་དུ་གནས་པའི་ས་ཁུལ་དེ་རང་གི་གནད་དོན་དང་མི་འདང་བའི་ཆ་བཤེར་འདོན་གང་ཐུབ་དང་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་དང་དཔྱད་ཞིབ་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་སྤྲད་གནང་བའི་ཆབ་སྲིད་ཀྱི་ལས་འགན་མཉམ་དུ་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་སྐོར་གཟིགས་ལ“ཕྱིར་མིག་ལྟ་བ”དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་ལས་དོན་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཀྲུང་དབྱང་གིས་ང་ཚོར་སྤྲད་གནང་བའི་ཆབ་སྲིད་ཀྱི་ལས་འགན་ཞིག གནད་དོན་ཤེས་རྟོགས་ཐག་གཅོད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་བཅས་རེད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྐོར་གཟིགས་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ལྷག་བསམ་ཟོལ་མེད་ངང་ལྟ་སྐུལ་དང་ལེན་དང་ལས་ཀར་གཞོགས་འདེགས་ཧུར་ཐག དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་ཐུགས་ཁུར་དངོས་འབྲེལ་ཚོར་ཐུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཁོང་ཚོའི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བོད་དུ་ཕྱག་ལས་ཉིན་20ཙམ་གནང་རྒྱུ་ཡིན་ཞིང་། སྐོར་གཟིགས་གནང་རིང་ལས་རེས་ཁ་པར་ཨང་གྲངས་ཆེད་མངགས་བཙུགས་པ་དང་། ཁ་པར་ཨང་གྲངས་ནི་0891-6860579ཡིན། ཆེད་མངགས་ཀྱི་སྦྲག་སྲིད་ཡིག་སྒམ་ནི། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྒོ་རྟགས་ཨང་A003ཡིན། སྐོར་གཟིགས་ཚོགས་ཆུང་གིས་ཉིན་ལྟར་ཁ་པར་ཉན་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་9:00ནས་ཕྱི་དྲོའི་ཆུ་ཚོད་19:00བར་རེད། སྐོར་གཟིགས་ཚོགས་ཆུང་གིས་ཡིག་བསྐུར་ངོ་བཅར་དང་ལེན་ཞུ་བའི་དུས་ཚོད་ནི་2020ལོའི་ཟླ་1ཚེས་10ཉིན་བར་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལ“ཕྱིར་མིག་ལྟ་བའི”ལས་དོན་གྱི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ཐད་ཀྱི་གནད་དོན་གྱི་འཕྲིན་ཡིག་དང་། ཁ་པར། ངོ་བཅར་བཅས་གཙོ་གནད་ཐོག་དང་ལེན་ཞུ་རྒྱུ་རེད། ད་ཐེངས་ཀྱི་སྐོར་གཟིགས་བྱ་ཡུལ་གྱི་ཁྱབ་ཁོངས་སུ་ཚུད་མེད་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་སྙན་སེང་ཞུས་ཚེ་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་ནན་པོ་བྱེད་རྒྱུར་རྩིས་སྤྲོད་རྒྱུ་ཡིན་པ་རེད།

(རིག་རྡོར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)