《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

རྒན་གསོའི་ཞབས་ཞུ་འཐུས་སྒོ་ཚང་། བགྲེས་སོང་ཚེ་མཇུག་བདེ་ཞིང་སྐྱིད།

—— ཉིང་ཁྲི་གྲོང་ཁྱེར་གྱིས་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བའི་སྐོར་བཀོད་པ།

འདི་ནི་སྣང་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣས་སྨན་རིན་མི་དགོས་པར་མང་ཚོགས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་འོག སྤྱི་ཚོགས་ལས་རིཌ་ཁག་གི་སྟོབས་ཤུཌ་མཐུན་སྦྱོར་དང་། དམིཌ་བསལ་དཀའ་ངལ་ཡོད་མཁན་གྱི་རྒན་གསོའི་ཞབས་ཞུའི་མ་ལག་གི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཞབས་ཞུའི་སྒྲིག་གཞི་རྒྱ་ཆེར་གཏོང་བ། རིམ་པ་མང་བ་དང་སྣེ་མང་ཅན་གྱི་མི་འབོར་དབུལ་པོའི་རྒན་གསོའི་དགོས་མཁོ་སྐོང་བ་བཅས་བྱས་ཏེ། རྒན་རྒོན་དེ་བས་མང་བ་ཚེ་མཇུག་སྐྱིད་པོ་ཡོང་བ་དང་་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་པ་རེད།

སྒྲིག་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒས་དུས་འཚོ་རྟེན་ཡོད་པ་བྱས་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་རྫོང་6དང་ཆུས་1ལ་གཞུང་བཙུགས་རྒན་གསོའི་སྒྲིག་གཞི་7བསྐྲུན་པར། སྐྲུན་དངོས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་68706.16ཟིན་པ་དང་ཉལ་ཁྲི་1808བཀོད་སྒྲིག་བྱས་པ་རེད། ཞབས་ཞུ་ལྟེ་གནས་སུ་སྨན་ཁང་དང་། དེབ་ཁང་། རྩེད་ཁང་། སྐྲ་ཁང་། ཟ་ཁང་། གཟུགས་པོ་འཁྲུ་ས། འཁྲུད་ཁང་། ཇ་ཁང་། ངལ་གསོ་ཁང་སོགས་ཀྱི་ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ཡོད་པ་རེད།

མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་7ལ་ལས་དོན་མི་སྣ་བཀོད་སྒྲིག་འཐུས་ཚང་དང་། འགན་ལེན་འགྲོ་གྲོན་དོན་འཁྱོལ་ནན་པོ། དོ་དམ་ལམ་ལུགས་འཛུགས་སྐྱོང་ཡག་པོ་བཅས་བྱས་ཏེ་བསྙེན་བཀུར་སྒྲིག་གཞི་འཁོར་རྒྱུག་བདེ་བླག་ཡོང་བར་བྱས་པ་རེད། རིམ་པ་ཁག་གིས་སྒྲིག་གཞིར་ལས་དོན་མི་སྣ་68བཀོད་སྒྲིག་བྱས་པ་དང་། བདག་སྐྱོང་བ་106བསྡུས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་1183ལ་བསྙེན་བཀུར་བྱས་ཡོད་པ་རེད། གྲོང་ཁྱེར་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་མཁན་100%ཟིན་ཏེ། སྲིད་གཞུང་གིས་རྒན་གསོ་ཐ་སྐྱོང་བྱེད་པའི་འགན་ནུས་འདོན་སྤེལ་ཏན་ཏིག་ཐུབ་ཡོད།

རོལ་རྩེད་བྱེད་སྒོ་ཡང་སེ་སྤེལ་ནས་རྒས་དུས་སྤྲོ་སྣང་ཡོད་པ་བྱས་པ།

“ལན་ཆིའུ་སྤོ་ལོའི་ཐང་འདི་ནི་ཆེད་མངགས་ཇུས་འགོད་བྱས་པ་ཞིག་རེད། ད་དུང་ལུས་སྦྱོང་ཁང་གི་སྒྲོམ་སྟེགས་སྤོ་ལོ་དང་ལུས་སྦྱོང་རྐང་འཁོར་སོགས་ནི་རྒན་རྒོན་ཚོས་དགའ་ཤོས་བྱེད་ས་རེད”ཅེས་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་ཕུར་བུ་བཀྲ་ཤིས་ཀྱིས་བརྗོད་ཅིང་། ཁོང་གི་སྣེ་ཁྲིད་འོག་གསར་འགོད་པས་རྒན་རྒོན་བྱེད་སྒོ་ཁང་དང་ལན་ཆིའུ་སྤོ་ལོའི་ཐང་། ལུས་སྦྱོང་ཁང་བཅས་སུ་བསྐྱོད་པ་ཡིན།

རྒན་རྒོན་གྱི་ཉིན་རེའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་རྒན་རྒོན་ཚོ་ཚེ་མཇུག་སྣང་བ་སྐྱིད་པོ་ཡོང་ཆེད། བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་ད་དུང་བཟོ་རྩལ་ལག་ཤེས་ཁང་བཙུགས་པ་དང་། རྒན་རྒོན་གྱི་ལག་ཤེས་ཐོན་རྫས་དང་ལག་ཤེས་རྐོ་དཀྲོལ་ཐོན་རྫས་ཀྱི་འགྲེམས་སྟེགས་བཟོས་ཡོད་པ་རེད། རྒན་རྒོན་ཚོས་ལག་གདུབ་དང་སླེལ་པོ་སོགས་བཟོ་ཆོག་པ་དང་། རྒན་རྒོན་གྱི་ཐོན་རྫས་དེ་དག་རྒན་གསོ་ཁང་དུ་འཚམས་འདྲིར་ཡོང་མཁན་དང་གཅེས་སེམས་མི་སྣར་འཚོང་གི་ཡོད་ཅིང་། ཡོང་འབབ་ཚང་མ་རྒན་རྒོན་ལ་སྤྲོད་ཀྱི་ཡོད་པ་རེད།

“དུས་ཆེན་འཆར་རིམ་བཞིན་རིག་རྩལ་འཁྲབ་སྟོན་བྱེད་པ་དང་། ད་དུང་ལུས་རྩལ་བྱེད་སྒོ་སྣ་ཚོགས་ཀྱང་སྤེལ་གྱི་ཡོད། ང་ཚོ་རྒན་རྒོན་ཚོས་ཞབས་བྲོའི་རུ་ཁག་དང་། མཉམ་གཞས་རུ་ཁག བི་ཤུའི་རུ་ཁག་བཅས་བཙུགས་ནས་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད”ཅེས་ལོ་72ལ་སླེབས་པའི་བགྲེས་སོང་སྐལ་བཟང་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།

“ཐོགས་མེད་བགྲོད་ལམ”བཏོད་ནས་རྒས་དུས་སྨན་བཅོས་ཐུབ་རྒྱུའི་འགན་ལེན་བྱས་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རྒན་གསོ་ཞབས་ཞུའི་སྒྲིག་གཞིའི་དབར་གྱི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། རྒན་རྒོན་ཚོའི་ནད་གཞི་སྨན་བཅོས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཏེ་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱས་ཡོད་པ་རེད། རྒན་རྒོན་གློ་བུར་དུ་ན་ཚེ་སྔོན་ལ་རྒན་གསོ་ཁང་གི་སྨན་པས་ནད་བརྟག་སྨན་བཅོས་བྱེད་ཀྱི་ཡོད། གལ་སྲིད་ནད་གཞི་ལྕི་བའམ་ཡང་ན་སྨན་བཅོས་མ་ཐུབ་ཚེ། “ཐོགས་མེད་བགྲོད་ལམ”ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་བྲག་ཡིབ་ཆུས་མི་དམངས་སྨན་ཁང་སོགས་སུ་སྨན་བཅོས་བྱེད་པར་སྐྱེལ་བ་མ་ཟད། ད་དུང་ནད་གཞི་ཕོག་མཁན་རྒན་རྒོན་སྨན་ཁང་གཞན་དུ་བསྒྱུར་བ་དང་། ནད་བརྟག སྨན་བཅོས་བཅས་མགྱོགས་པོ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

ལས་མིའི་བྱང་ཚད་མཐོ་རུ་བཏང་ནས་རྒན་རྒོན་ལ་བསྙེན་བཀུར་ཡག་པོ་ཞུས་པ།

ཉིང་ཁྲི་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞིས་རྒན་རྒོན་ལ་བརྩི་བཀུར་བྱེད་པ་དང་དུས་མཚུངས། ལས་བྱེད་པ་དང་ལས་བཟོའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལས་ཀའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་བསྙེན་བཀུར་མི་སྣར་དུས་དང་རྣམ་པ་ཀུན་ཏུ་སེམས་རྩ་འཁོལ་བའི་ཞབས་ཞུ་ཚོར་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

བྲག་ཡིབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ལོ་མང་ལས་ཀ་བྱེད་མྱོང་བའི་པད་སྒྲོན་ཉིན་ལྟར་རྒན་རྒོན་ཚོའི་འཚོ་བར་ལྟ་རྟོག་བྱེད་དགོས་ཀྱི་ཡོད་ཀྱང་། འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད་པ་མ་ཟད། ད་དུང་རྒན་རྒོན་ཚོར་ངང་རྒྱུད་རིང་པོས་ལྟ་རྟོག་བྱེད་པའི་འགན་འཁྲིའི་བསམ་པ་འཆང་བཞིན་ཡོད་པ་རེད། “རྒན་རྒོན་ཚོ་ཕྲུ་གུ་དང་འདྲ་བས་ཁོང་ཚོ་དང་མཉམ་དུ་སྡོད་སྐབས་སྣང་བ་ཧ་ཅང་སྐྱིད་པོ་འདུག ངའི་ངོས་ནས་བརྗོད་ན། ཁོང་ཚོ་ནི་ངའི་ནང་མི་དང་གཅིག་པ་ཡིན། ངས་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་བཏོན་ནས་ཁོང་ཚོར་ལྟ་རྟོག་བྱས་ཏེ་ཁོང་ཚོའི་ཚེ་མཇུག་གི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།