《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

རྩྭ་ཕྱུགས་གཞི་གཅིག་ཅན་དུ་བསྒྱུར་བར་མགྱོགས་མྱུར་ སྐུལ་འདེད་གཏོང་དགོས།

—— རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུང་ཀྲང་གཞོན་པ་ལིའུ་ཞུའེ་ཆིང་ལ་བཅར་འདྲི་བྱས་པ།

རང་ལྗོངས་ཀྱི་རང་བྱུང་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་མུའུ་དུང་ཕྱུར་13.34ཟིན་ནས་རྒྱལ་ཡོངས་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་གྱི་22%དང་ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་70%ཡན་བཟུང་ཡོད། རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་དབུལ་སྒྲོལ་འགག་སྒྲོལ་དང་། མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་ལྷིང་བཅས་དང་ཡང་འབྲེལ་བ་ཡོད། མིག་སྔར། རང་ལྗོངས་ཀྱིས་ཕྱོགས་གང་དག་ནས་རྩྭ་ཐང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་སམ་ཞེ་ན། གསར་འགོད་པས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུང་ཀྲང་གཞོན་པ་ལིའུ་ཞུའེ་ཆིང་ལ་བཅར་འདྲི་བྱས་པ་ཡིན།

“རང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྐམ་སའི་སྣོད་བཅུད་མ་ལག་ཅིག་ཡིན་པའི་རྩྭ་ཐང་ནི་འབྲོག་ཁུལ་གྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཆེས་གཞི་རྩའི་ཐོན་སྐྱེད་རྒྱུ་ཆ་རེད། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་། དབུལ་པོ་ལས་སྒྲོལ་བ། མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བཅས་མངོན་འགྱུར་བྱེད་པར་གཞི་རྩའི་ཆ་ནས་རྩྭ་ཐང་ལ་བརྟེན་དགོས་ཀྱི་ཡོད”ཅེས་ལིའུ་ཞུའེ་ཆིང་གིས་བརྗོད་པ་དང་། སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་དང་དུས་མཚུངས་རྩྭ་ཐང་གི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ་ཞེ་ན། དང་པོ་ནི་སྲུང་སྐྱོང་ཡག་པོ་བྱེད་དགོས། རྩྭ་ཐང་གི་རྒྱ་ཁྱོན་ལ་བརྟེན་ནས་ཕྱུགས་རིགས་ཀྱི་གྲངས་འབོར་གཏན་འཁེལ་དང་། རྩྭ་ཕྱུགས་དོ་སྙོམས། ཕྱུགས་འཚོ་མཚམས་འཇོག་པ་དང་། རེས་སྐོར་ཕྱུགས་འཚོ། ཕྱུགས་བཀག་བཅས་ཀྱི་ལམ་ལུགས་བཟོས་ཏེ་རང་བྱུང་རྩྭ་ཐང་དུ་ཕྱུགས་འཚོ་བའི་གནོན་ཤུགས་ཆུང་དུ་བཏང་ནས་རྩྭ་ཐང་གི་སོར་ཆུད་སྐྱེ་འཕེལ་ལ་སྐུལ་འདེད་གཏོང་དགོས། རྩྭ་ཐང་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་བ་དེས་ཞིང་འབྲོག་པའི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་འགྱུར་ལྡོག་གཏོང་ཐུབ་པ་མ་ཟད། རྩྭ་ཐང་སྣོད་བཅུད་ཁོར་ཡུག་ཞན་འགྱུར་གྱི་འཕེལ་ཕྱོགས་བཀག་འགོག་ཐུབ་པ་དང་། རྩྭ་ཐང་སྣོད་བཅུད་ཁོར་ཡུག་དང་རྩྭ་ཐང་འབྲོག་ལས་ཀྱི་གཞི་རྩའི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་གཏོང་ཐུབ་པ་མ་ཟད། ཞན་འགྱུར་དང་བྱེ་འགྱུར་གྱི་རྩྭ་ཐང་སླར་གསོར་སྐུལ་འདེད་ཐུབ་ནས་རྩྭ་ཐང་གི་སྔོ་ཁེབས་མང་དུ་དང་རྩྭ་ཐང་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ལ་ཕན་ཐོགས་ཡོད་པ་རེད།

གཉིས་པ་ནི་གཟན་རྩྭ་འདེབས་འཛུགས་ཤུགས་ཆེན་བྱས་ཏེ་རྩྭ་ལས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་དགོས། རྩྭ་ལས་དེ་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དངོས་པོའི་རྨང་གཞི་ཡིན་པས་རྩྭ་ཕྱུགས་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། རང་ལྗོངས་ཀྱི་སྣོད་བཅུད་གནས་བབ་དང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པར་བརྟེན། ས་བབ་མཐོ་ཚད་སྨི་4300ཡན་གྱི་རྩྭ་རར་མི་ཐབས་ལ་བརྟེན་པའི་གཟན་རྩྭ་འདེབས་རྒྱུར་འཚམ་པོ་མེད་པས། ཞིང་ཁུལ་དང་ས་མ་འབྲོག་ཁུལ་དུ་མི་ཐབས་ལ་བརྟེན་པའི་གཟན་རྩའི་རྟེན་གཞི་སྐྲུན་དགོས་པ་དང་། ཆུ་ལ་བརྟེན་ནས་རྩྭ་འདེབས་པའི་རྩ་དོན་ལ་བརྩི་འཇོག་བྱས་ཏེ་སྐྱེ་འཚར་ལ་འཚམ་པའི་ས་ཆར་མི་ཐབས་ལ་བརྟེན་པའི་གཟན་རྩྭའི་རྟེན་གཞི་བསྐྲུན་ནས་ཕྱུགས་རྩྭ་མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

གསུམ་པ་ནི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ཚན་རྩལ་གྱི་འདེགས་སྐྱོར་མི་འདང་བ་ནི་སྔ་ཕྱི་བར་གསུམ་དུ་རང་ལྗོངས་ཀྱི་དེང་དུས་རྩྭ་ཐང་གི་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཞན་ཆ་ཡིན་པ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ཆ་རྐྱེན་ད་དུང་ཅུང་རྗེས་ལུས་ཡིན་པས། ཚན་རྩལ་གྲུབ་འབྲས་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཀྱི་ཡོད། མཐོ་གྲང་འབྲོག་ཁུལ་གྱི་དམིགས་བསལ་ཁོར་ཡུག་དང་། འབྲོག་ལས་ཐོན་སྐྱེད་ཀྱི་ཚན་རྩལ་འདུས་ཚད་དམའ་བ། གྲུབ་འབྲས་གཞན་སྒྱུར་དཀའ་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས་ཚན་ཞིབ་ཀྱི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་ཞིབ་དང་། ཐོན་སྐྱེད་ཚན་པ། མཐོ་རིམ་སློབ་གླིང་དང་སློབ་གྲྭ་བཅས་སྒྲིག་འཛུགས་བྱས་ནས་རྩྭ་ཐང་ཡོད་པའི་ས་ཁུལ་དུ་བསྐྱོད་དེ་འགག་རྩའི་ལག་རྩལ་དང་ཚན་རྩལ་འགག་སྒྲོལ་ལ་ཁྲིད་སྟོན་བྱས་ཐོག་འབྲོག་ལས་ཀྱི་འགག་རྩའི་ལག་རྩལ་གྱི་འདུས་གྲུབ་ཞིབ་འཇུག་དང་ཐོན་ལས་ཅན་གྱི་དཔེ་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་མཐོང་ཆེད་བྱེད་པ། འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་དང་། རྩྭ་ཐང་དང་ཞིང་ཁ་རེས་མོས། རྩྭ་ཆུ་དོ་སྙོམས་སོགས་ཉེར་སྤྱོད་ལག་རྩལ་དང་འཕྲུལ་ཆས་སྒྲིག་ཆས་ཁྱབ་གདལ་གཏོང་དགོས།